ཀླུ་སྦྱིན་དགེ་བཤེས་རིན་པོ་ཆེའི་རྣམ་ཐར་བཞུགས་སོ།། རླབས་ཕྲེང་གསུམ་པ།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད། རླབས་ཕྲེང་གསུམ་པ།

དུས་འགྱུར་བྱུང་བ་ནས་སྲིད་ཇུས་གུ་ཡངས་མ་བྱུང་བར་དུ་ཐུགས་བསྐྱེད་བརྟན་པོས་འགྲོ་དོན་ཇི་ལྟར་མཛད་ཚུལ།

༡ ལྷ་སའི་དུས་འགྱུར་སྐབས་ཀྱི་བྱུང་བ།

ར་བ་གངས་རིས་བསྐོར་བའི་བསིལ་ལྡན་ཞིང༌།། ལ་ལུང་གཞན་གྱིས་དབང་བསྒྱུར་བྱས་པའི་ཚུལ།། ཤ་ཟ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོའི་ཚོགས།། ས་གནས་སེམས་དཔའ་དག་གིས་གཟིགས་སམ་ཀྱེ།།

 སློབ་དཔོན་ཆེན་པོས་པདྨ་བཀའ་ཡི་ཐང་ཡིག་བསྡུས་པ་ལས། རྟ་ལུག་སྤྲེལ་གསུམ་རྒྱ་དམག་བོད་ལ་འོང༌།།ཕ་བུ་ནང་འཁྲུགས་རྟ་སྒང་སྒང་ནས་བྱེད།།དེ་དུས་བོད་འདི་རྒྱ་ཡི་འོག་ཏུ་ཤོར།།གདོང་སྨེ་ཅན་གྱིས་བོད་ལ་རྒྱ་ས་བཟུང༌།།ཞེས་པའི་ལུང་བསྟན་ལྟར། རྟ༡༩༥༤ལོ་ཧོར་ཟླ་༡༠ཚེས་༢༠་ཉིན་ཤར་ཕྱོགས་ཙི་ནའི་ཡུལ་གྱི་བཅིངས་འགྲོལ་རྟགས་ཅན་གྱི་རླངས་འཁོར་རུ་ཁག་ཁམས་ཤར་རྒྱུད་ནས་ལྷ་སར་ཐེངས་དང་པོ་དེ་འབྱོར་བས་ལྷ་ས་རུ་བཞི་དམག་གི་བསྟི་གནས་སུ་གྱུར། དེའི་སྔ་ལྟས་ལྟ་བུར་ལོ་དེའི་ཧོར་ཟླ་ལྔ་པའི་ཚེས་བཅུ་དྲུག་ཉིན་རྒྱལ་རྩེ་ཉེ་རོ་ཕུ་ནས་ཕྱག་རྡོ་བླ་མཚོ་ཕྱུར་ནས་ཉེ་རོ་དང༌། རྒྱལ་རྩེ། སྒོ་བཞི། པ་རྣམ། གཞིས་རྩེའི་ཤར་ཕྱོགས་བླ་བྲང་གི་བདེ་ཆེན་ཕོ་བྲང་བཅས་མྱངས་ཆུ་གཙང་པོའི་འགྲམ་དུ་འཁེལ་བའི་གྲོང་སྡེ་མཐའ་དག་ཆུ་ལོག་གིས་དེད་དེ་མི་ཕྱུགས་སྟོང་ཕྲག་མང་པོའི་ཚེ་སྲོག་ལ་གད་ཆགས་བྱུང༌། ལོ་དེར་རྒྱལ་བ་ཡབ་སྲས་དང་ཀརྨ་པ་ཞྭ་དམར་ནག་སོགས་མི་འདོད་བཞིན་དུ་རྒྱ་ནག་གུང་ཁྲན་ཏང་གིས་རྩ་ཁྲིམས་གཏན་འབེབས་ཀྱི་རྒྱ་ཡོངས་ཚོགས་ཆེན་དུ་པེ་ཅིན་ལ་ཕེབས་དགོས་བྱུང༌། ལུག་༡༨༥༥ལོར་ལྷ་སར་རྒྱ་དམག་དེ་བས་མང་དུ་ཕྱིན་ཏེ། ཏཱ་ལའི་བླ་མའི་སྐུ་སྲུང་དམག་མི་ཆིག་སྟོང་ཕུད། དེ་བྱིངས་གྲ་བཞི་སོགས་ཀྱི་བོད་དམག་རྣམས་ཕྱི་བསྡུ་བྱེད་རྒྱུ་དང༌། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་བཅས་ཁས་ལེན་བྱེད་དགོས་བྱུང༌། སྤྲེལ་༡༩༥༦ལོར་ལྷ་སར་མི་དམངས་འཐུས་ཚོགས་བཙུགས་པར་བོད་མི་ཚོས་མ་བསྐུལ་དང་བླངས་ཀྱིས་གྱེན་ལོག་དང་རྒོལ་གཏམ་སྤེལ་བས་རྒྱ་གཞུང་གིས་ལི་ཐང་ཨ་ལོ་ཆོས་མཛད་འཛིན་གཟུང་དགོས་ཚུལ་སོགས་ཀྱི་ཟིངས་ཆ་བསླངས། སྐབས་དེ་དག་ཏུ་ལི་ཐང་དང༌། ཕྱག་ཕྲེང༌། དཀར་མཛེས། འབའ་ཁམས་སོགས་སུ་རྒྱ་དམག་གིས་བླ་ཆེན་དང་མི་དཔོན་མང་པོ་ལྐོག་བསད་བཏང་པ་དང༌། དགོན་སྡེ་གྲྭ་ཚང་མང་པོ་གཏོར་གཤིགས་གཏོང་པ་སོགས་ཀྱི་གནོན་ཤུགས་མ་བཟོད་ནས་དམག་འཁྲུགས་ཐུག་པ་ཁོལ་བ་ལྟར་བྱུང་བ་སོགས་མ་ཧཱ་གུ་རུ་ཆེན་པོའི་ལུང་བསྟན་དུས་ཐོག་ཏུ་བབ། དེ་ལྟར་རྐྱེན་ངན་རིམ་བཏུད་ཀྱིས་དབང་མི་ལག་དང་སྐྲ་ཤིང་ལག་གི་དཔེ་ལྟར་ལྷ་བསྡད་རྒྱ་དམག་ཐོག་ལ་ཁོག་ནས་མེ་འབར་ཡང་ཁ་ནས་དུ་བ་མི་འཕྱུར་བར་ངོ་སྲུང་བསྟུན་མཁས་མི་བྱེད་མཐུ་མེད་ཀྱིས་ཉིན་བསྐྱལ་མཚན་འབུད་བྱས་ནས་བསྡད་མཐར། ས་ཕག་༡༩༥༩་ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་གྲོལ་རྗེས་རྒྱུན་ལྡན་ལྟར་ན་བོད་ཟླ་གཉིས་པའི་ཚེས་ཉེར་ལྔ་ནས་ྋགོང་ས་ལྔ་པ་ཆེན་པོ་དགོངས་རྫོགས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི༡༦༩༤ལོ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཐོག་མར་སྲོལ་བཏད་པ་ལྟར། བོད་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ནས་བཟུང་ཉིན་བཅུ་བཅུ་གཉིས་རིང་ཚོགས་མཆོད་ཚོགས་སྲོལ་ཡོད་ནའང་ལོ་དེར་ཚོགས་མཆོད་ཚོགས་ལོང་མ་བྱུང་བར་རྒྱ་བོད་ཀྱི་རྩོད་སྙོག་ཚབ་ཆེན་ལངས་ཏེ་སྤྱི་ཟླ་གསུམ་པའི་ཚེས་ ༡༠ ཉིན་ནོར་གླིང་དུ་མི་དམངས་སྒེར་ལངས་ཀྱི་འུར་ཆེན་པོ་བྱུང༌། སྤྱི་ཚེས་ ༡༦ གི་མཚན་མོར་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་འཁོར་ཉུང་ཤས་ཤིག་དང་ལྷན་དུ་ལྐོག་ནས་ཉེན་ཡོད་ལ་ཕེབས། ཚེས་ ༡༩ ཉིན་གྲོང་ཁྱེར་ལྷ་སའི་ཁུལ་དུ་དམག་འཁྲུག་ཚབས་ཆེན་ལངས་ཏེ་བོད་མི་ཁྲི་ཕྲག་མང་པོའི་ཚེ་སྲོག་ཤོར། སྐབས་དེར་སེ་རའི་གྲྭ་པ་མང་པོ་ཁས་ལེན་པར་དོན་ནས་རང་འགུལ་གྱིས་རྩེ་ཕོ་བྲང་གི་གོ་མཛོད་ལ་རྒྱུགས་ཀྱང་གོ་མཛོད་ལྡེ་མིག་བསམ་ཕོར་ཚེ་དབང་རིག་འཛིན་གྱིས་ཁྱེར་ནས་རྒྱ་སྒར་དུ་བྲོས་ཟིན་སྟབས་མེ་མདའི་གོ་མཛོད་གྱི་རྒྱ་སྒོ་སྟ་རེས་གཤགས་ཏེ་མེ་མདའ་མང་པོ་བླངས་ཐུབ་ཙམ་བྱུང་ཡང་མདེའུའི་གོ་མཛོད་ལྕགས་པོ་རིའི་ཁ་བཏད་ཏག་ཏག་ཏུ་འཁེལ་ཞིང་དེ་ཕྱོགས་སུ་རྒྱ་མིས་སྔ་ས་ནས་བཙན་ས་བཟུང་ཚར་བས་རང་དགར་རྒྱུག་ཐབས་མེད་པས་ཁས་ལེན་པ་དོན་བཅུག་སྐབས། ཐོག་མར་སེར་ཏྲེ་རྫ་གྲྭ་རྟ་མགྲིན་རྒྱལ་མཚན་ཟེར་བ་སོགས་ཀྱིས་སྣེ་འཁྲིད་ནས་དེ་ཕྱོགས་རྒྱུགས་པར་མེ་མདའ་དྲག་ཆར་འབབ་པ་ལྟར་བཙགས་བྱུང་ཡང་གྲྭ་པ་དེ་ལ་གནོད་སྐྱོན་མ་བྱུང་བར་མདེ་འུའི་གོ་མཛོད་གཏོར་ཏེ་དེར་ཡོད་བོད་དམག་ཚོ་དང་དཔུང་སྒྲིག་ནས་རྒྱ་ལ་རྒོལ་འཛིངས་བྱས་པའི་ལོ་རྒྱུས་འགངས་ཆེ། དེ་དག་གི་སྐོར་གཞན་དུ་བཤད་པར་འདོད་པས་འདིར་རེ་ཞིག་སྤྲོས་པར་མི་བྱའོ།།  

རྒྱ་དམག་གིས་ནོར་གླིང་དང༌། པོ་ཏ་ལར་མཻ་སྒྱོགས་ཚད་མེད་བརྒྱབ་རྗེས་སེར་འབྲས་གཉིས་སུའང་མེ་སྒྱོགས་རྒྱབ་མགོ་ཚུགས་པས་སེར་འབྲས་ཀྱི་གྲྭ་པ་ཕལ་ཆེ་བ་བྱ་ཚང་ལ་རྡོ་ཕོག་པ་ལྟར་གོང་ས་མཆོག་གི་ཞབས་རྗེས་བསྙེགས་ནས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་གི་རྒྱལ་སྐྱོབ་བཙན་རྒོལ་གྱི་དམག་འཐབ་སྲུང་སྐྱོབ་འོག་འུར་གྱིས་ཕེབས་པའི་སྐབས་དེར་རྗེ་བླ་མ་འདི་ཉིད་སེར་བྱེས་མཁན་ཟུར་བློ་བཟང་དབང་ཕྱུག་གི་སྐུ་མདུན་བཅར་ནས་གྲྭ་བ་ཡོངས་རྫོགས་བྲོས་འགྲོ་གི་འདུག ད་གང་འདྲ་བྱས་ན་དྲག་དགེ་རྒན་དམ་པ་ཉིད་ཀྱང་བྲོས་བྱོལ་ལ་ཕེབས་ན་མི་དགའ་འམ་ཞེས་སྙན་གསན་ཞུས་པར། ང་མི་ཐེབས་ཆགས་ཤིག་ཡིན་ནའང་རྒྱལ་དབང་ཐམས་ཅད་མཁྱེན་པས་བཀའ་བསྒྱུར་ཕྱག་རྟགས་གནང་ནས་སེ་ར་བྱེས་པའི་མཁན་པོར་བསྐོ་ཞག་གནང་ཡོད་པ་རེད། ང་བཙུགས་ས་དེ་སྐྱེ། སྐྱེས་ས་དེ་བསྐམས་མ་ཐུབ་ན་རྒྱལ་དབང་ཐམས་ཅད་མཁྱེན་པའི་དགོངས་བཞེད་མ་འགྲུབ་པ་རེད། དེ་བས་ང་ཚོ་རེ་ཞིག་བསྡད་ན་མ་གཏོགས་རང་དགར་འགྲོ་ཐབས་མེད་ཚུལ་གསུངས་པས། རྗེ་དམ་པ་འདི་ཉིད་ཀྱང་སྐྱིད་སྡུག་ལེགས་ཉེས་ཇི་བྱུང་ཡང་བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན་མཁན་ཞིག་ཡིན་སྟབས་སེར་བྱེས་མཁན་ཟུར་རིན་པོ་ཆེ་དང་མཉམ་དུ་གདན་ས་རང་དུ་བཞུགས་བཞིན་པའི་སྐབས་སེ་ར་དགོན་པར་མེ་སྒྱོགས་ཤུགས་ཆེ་རྒྱབ་ནས་གྲྭ་ཤག་དང་ཁང་ཚན་ཁག་གི་འདུ་ཁང་མང་པོ་གཏོར་གཤིགས་བཏང༌། སྐབས་དེར་སེར་བྱེས་མཁན་ཟུར་རིན་པོ་ཆེ་དང་རྗེ་བླ་མ་འདི་ཉིད་དགེ་ཕྲུག་ཁག་གཅིག་བཅས་ཀྱིས་མེ་སྒྱོགས་དང་མེ་མདའ་བུར་ཡུག་ལྟར་འཚུབ་བཞིན་པའི་གསེབ། རྟེན་རྙིང་བྱིན་རླབས་ཅན་སྐྱེས་ཆེན་དམ་པའི་ན་བཟའ་དང་བླ་རེ་སོགས་མང་པོ་སེར་བྱེས་འདུ་ཁང་ཐོག་ཁར་དབོར་ཏེ་གདོང་གཟར་ས་རྣམས་སུ་ཕན་ཚུན་མོན་གཤམ་གནང་བའི་བཀའ་དྲིན་ལས་སེར་བྱེས་འདུ་ཁང་ལ་གཏོར་སྐྱོན་བྱུང་མི་འདུག དེའི་དགུང་མོར་རྗེ་འདི་ཉིད་ཀྱིས་ཞུས་དོན་བཞིན། བྱེས་མཁན་ཟུར་རིན་པོ་ཆེས་སེ་ར་བྱེས་པའི་རྟེན་གཙོ་རྟ་མགྲིན་གྱི་སྐུ་མདུན་དུ་འགྲོ་འདུག་གང་བྱས་ན་དགའ་ཚུལ་གྱི་ཟས་རིལ་སྒྲིལ་བས་ཅི་འགྱོགས་ཀྱིས་འགྲོ་དགོས་ཚུལ་བབ་པ་དང༌། རེ་ཞིག་བསྟན་འགྲོ་གཉིས་ཀར་གད་ཆགས་ཚད་མེད་ཡོངས་རྒྱུ་མཁྱེན་ཞིང༌། ལྷག་དོན་གོང་ས་མཆོག་ཀྱང་ཕྱོགས་ཕེབས་གྲུབ་ཟིན་པ་བཅས་ལ་བརྟེན་ནས་སེར་བྱེས་མཁན་ཟུར་རིན་པོ་ཆེ་དང་ཁག་ཤག་དགེ་རྒན་ཡ་མ་རྒྱལ་མཚོ་སོགས་དགེ་ཕྲུག་ཁག་གཅིག་བཅས་མཉམ་དུ་བྲོས་བྱོལ་ཏུ་ཕེབས། ཕེབས་རྟེན་རྙིང་དང་ན་བཟའ་རྙིང་རིགས་སོགས་ལེན་པར་ཕེབས་སྐབས་དངུལ་དཀར་པོ་བརྒྱ་ཕྲག་ཁ་ཤས་གཟིགས་ཀྱང་ཊམ་ཀ་གཅིག་ཙམ་ཡང་མ་བསྣམས་ཤིང་ཁ་བཏགས་ཉིན་མོ་བདེ་ལེགས་རིང་པོ་ཞིག་འདུག་པ་དེ་རྟེན་གཙོ་རྟ་མགྲིན་གྱི་མདུན་དུ་ཕུལ། དེ་སྔོན་སེ་ར་བྱེས་པའི་ཕྱག་མཛོད་དང་གཉེར་པའི་རྩིས་རྒྱབ་སྐབས་རྟག་པར་རྩིག་ལྷག་གི་ཅ་དངོས་མང་པོ་ཞིག་གསེར་དངུལ་ལ་བསྒྱུར་ཏེ་གཡང་སྒམ་ལྟག་སྒམ་རྣམ་སྲས་བང་མཛོད་དུ་རྒྱང་རྐྱང་བྱེད་ཅིང༌། བང་མཛོད་དེ་མ་འོངས་པར་ཀླ་ཀློ་ཁ་རྒྱལ་པའི་སྐབས་ཤམ་བྷ་ལའི་དམག་ཕོག་གི་མ་རྩ་རེད་ཅེས་ས་གྲགས་གནམ་གྲགས་ཀྱི་བཤད་སྲོལ་ཡོད་ཀྱང༌། དོན་དངོས་ལ་ཀླ་ཀློའི་དམག་ཕོག་རང་དུ་གྱུར་སོང་ཞེས་ཀྱང་གསུངས། དགུང་མོ་ཐོན་ཁར་ཁ་བཏགས་ཉིན་མོ་བདེ་ལེགས་རིང་པོ་ཞིག་འདུག་པ་དེ་ཉིད་སེར་བྱེས་གྲྭ་ཚང་གི་འདུ་ཁང་སྒོ་ཆེན་ལ་སེམས་པ་སྐྱོ་བཞིན་བཀལ་ནས་ཡོང༌། སླར་ཡང་སེར་བྱཻས་འདུ་ཁང་དུ་ཚོགས་ཞུགས་སྐལ་བ་མ་བྱུང་བའང་དེས་རྟེན་འབྲེལ་ཅུང་ཉེས་པ་འདྲ་གསུངས། དེ་ནས་རྗེ་འདི་ཉིད་ཁག་ཤག་དགེ་རྒན་ཡ་མ་རྒྱལ་མཚན་དང་དགེ་ཕྲུག་དར་གྲྭ་བསྟན་འཛིན་རྡོ་རྗེ་ལོ་རབས་བརྒྱད་ཅུ་པའི་ནང་རྒྱ་གར་དུ་ཕེབས་ཏེ་དགེ་བཤེས་བཏང་རྗེས་ཐོས་དོན་རྒྱུད་ལ་སྦྱར་ནས་ཉམས་ལེན་གནང་བཞིན་ད་ལྟའང་འཚོ་ཞིང་བཞུགས། རྒན་བླ་མ་བཀྲ་ཤིས༌། རྡོ་རྗེ་གྲགས་པ། ཟླ་བ་རྒྱལ་མཚན། ཉག་རོང་རྒན་བྱམས་པ། རྡོ་རྗེ་རྒྱལ་མཚན། ཕག་བརྒྱ་ར་བརྒྱའམ་ཡ་མ་རིན་ཆེན། བསོད་ནམས་ཆོས་རྒྱལ། སྐུ་མཆེད་ངག་དབང་དར་རྒྱས། སྐུ་མཆེད་ཆུང་བ་ངག་དབང་བཀྲ་ཤིས། དར་དགོན་ཨ་མྱེ། ཨ་མྱེ་ཚང་ཐུབ་བསྟན་བཀྲ་ཤིས་ད་ལྟར་རང་གཞུང་ཁྲིམས་ཞིབ་པ། བེ་རི་སྐུ་འབུམ་གླིང་ཚང་ངག་དབང་པདྨ། ཕུན་ཚོགས་བཀྲ་ཤིས་སོགས་མི་བཅུ་བདུན་ཙམ་མཉམ་དུ་འཕན་པོའི་སྒོ་ལ་རྒྱབ་ནས་ཕེབས་པའི་ལམ་བར་འབྲོག་ཁྱིམ་ཞིག་ཏུ་སླེབས། ཁྱིམ་དེས་ཇ་དང་རྩམ་པ་ཕྱུ་ར་སོགས་ཀྱི་བཟའ་བཏུང་ཕུལ་པ་ལྟར་བཞེས་ནས་རིམ་ཀྱིས་ཕེབས་སྐབས། དགེ་ཕྲུག་འགའ་ཞིག་གིས་འབྲོག་ཁྱིམ་དེ་ནས་མར་ལེབ་གཉིས་ཙམ་བརྐུས་འདུག་པ་མཁྱེན་ནས་ཐུགས་ཕམ་ཆེན་པོའི་སྒོ་ནས་ཕྱི་ཆད་འདི་འདྲ་གནང་ན་མཉམ་དུ་འགྲོ་ཐབས་མེད་ལུགས་ཀྱི་བཀའ་བསྒྱུར་དྲག་པོ་གནང་བར་མ་ཟད། ཕྱི་ཆད་སྡོམ་སེམས་དགོས་པའི་ཁས་ལེན་གྱིས་མཐའ་བཀག དེ་ནས་རིམ་གྱིས་ཕེབས་པའི་ལམ་དུ་བསྟན་སྲུང་དང་བླངས་དམག་གིས་རྒོལ་ལན་ནན་པོར་སློག་ཀྱང་དཔུང་དམག་མང་ཉུང་དང་གོ་མཚོན་བཟང་ངན་གྱི་ཁྱད་པས་ཕྱི་དེད་རྒྱ་དམག་གི་ཁ་བཏོད་ལྕོག་ཐབས་མེད་པར་བྲོསཞོར་འཛིང་ཞོར་བྱེད་དགོས་བྱུང་བ་དང་བསྟུན་ཉེར་ཡོལ་བྲོས་བྱོལ་དུ་འགྲོ་མཁན་བོད་རིགས་སྐྱ་སེར་ཁྲི་ཕྲག་དུ་མར་བསད་རྨས་ཅི་རིགས་བྱས་པའི་ཁྲོད་ནས་རྗེ་དམ་པའི་ཁག་ཤག་དགེ་རྒན་ཀྱི་སྐུ་སྟོད་ལ་མེ་སྒྱོག་མདེའུ་ཞིག་ཕོག་དང༌། སྐུ་མཆེད་ངག་དབང་དར་རྒྱས་སོག་ཕྲག་ལའང་མེ་མདའ་ཕོག་སྟེ་རྨས་རྐྱེན་བྱུང་བས་ཕེབས་ཐབས་མེད་པ་གྱུར་སྟབས། དེ་དག་གི་ཆེད་དུ་མགྱོགས་པ་ཕེབས་ཐབས་མེད་པ་དང་བྱེས་མཁན་ཟུར་རིན་པོ་ཆེ་དགེ་ཕྲག་ཁག་གཅིག་དང་བཅས་སྔོན་ལ་ཕེབས་བསྐྱེལ་ཞུས། རྗེ་དམ་པ་འདིས་ཁག་ཤག་དགེ་རྒན་སྒལ་པར་ཁུར་ནས་ཕེབས་ཀྱང་དམག་འཁྲུག་གི་རླུང་རླབས་གསེབ་སྒལ་པ་ལ་དྲངས་ནས་ཕེབས་སྟབས་བདེ་བོ་མེད་པས་རེ་ཞིག་གབ་ཡིབ་ཐོག་མཉམ་ཤི་མཉམ་གསོན་ཀྱི་དམ་བཅའ་བརྟན་པོས་ས་གནས་དེ་རང་དུ་ཉིན་ལྔ་དྲུག་ཙམ་གྱི་རིང་བསྡད། དེ་ནས་སྟག་ལུང་ནས་གངས་ལ་ཞིག་ཏུ་བྲོས་ནས་ཉིན་ཞག་གཅིག་གངས་གསེབ་ཏུ་ལུས། དེ་ནས་ཕྱིར་ལོགས་ཀྱིས་སྟག་ལུང་ནས་གྲུབ་ལུང་རི་ཁྲོད་དུ་ཕེབས་ཏེ་ཉིན་ཤས་རིང་དེར་བཞུགས་ཤིང་རྩམ་པ་མེད་པས་ཟྭ་ཐུག་མཆོད་ནས་བཞུགས། སྐབས་དེར་སྐུ་མཆེད་ངག་དབང་དར་རྒྱས་ལ་དངུལ་དཀར་པོ་ཅུང་ཟད་ཡོད་པ་དེས་རི་བཤམ་ནས་རྩམ་པ་ཉོས་ཏེ་ཁུར་ཡོང་བས་ཕན་པོ་བྱུང༌། དེ་རྗེས་ཉིན་གཅིག་སྟག་ལུང་ཡར་ཐང་གི་གདན་སར་སླེབས་པ་དང་སྟག་ལུང་མ་སྤྲུལ་རིན་པོ་ཆེར་མོ་ལུང་ཞུས་པའི་ཕྱིར་ཕེབས་སུ་སྲོག་ཕྱྭར་མི་སྐྱོན་ཡང་བར་ཆད་ཆེ་ལུགས་གསུངས། དེ་ན་འགེལ་རྟ་མང་པོ་ཡོད་པ་གཟིགས་ནས་ང་ཚོ་གདན་སའི་གྲྭ་པ་ཉེན་ཡོལ་ལ་འགྲོ་མཁན་ཡིན། དགེ་རྒན་རྨས་སྐྱོན་གྱིས་ཉིན་ཁ་ཤས་འགྲོ་མ་ཐུབ་པར་འདི་གར་བསྡད་དགོས་བྱུང༌། ང་ཚོ་ལ་རྟ་ཞིག་གསོལ་རས་གནང་རོགས་གསུངས་པས་ང་ཚོའི་སྦྱིན་བདག་ནི་ད་ལྟར་མེད། ད་འདི་ཚོ་ང་ཚོས་བེད་སྤྱོད་བཏང་མ་ཐུབ་ན་དགྲ་ལག་ཏུ་ལྷུང་རྒྱུ་མ་གཏོགས་ཡོད་པ་མ་རེད། ཁྱེད་ཚོས་རྟ་གང་དགོས་པ་དེ་འཁྲིད་ཅེས་ཟེར་ཡང༌། ཁག་ཤག་དགེ་རྒན་ཡ་མ་རྒྱལ་མཚན་རྨས་མ་ཡིན་པས་རྟ་གཅིག་མི་ཁྲིད་ཀ་མེད་རེད། ཧམ་སེམས་དང་འདོད་རྔམས་བྱེད་མི་རུང་གསུངས་ནས་རྟ་གཞན་དག་ཁྲིད་མ་བཅུག ཉིན་ཤས་རྗེས་སེར་བྱེས་མཁན་ཟུར་རིན་པོ་ཆེའི་ཕེབས་ལམ་རྗེས་བསྙེགས་ཏེ་མཇལ་འཕྲོད་བྱུང་ཡང་མཁན་ཟུར་རིན་པོ་ཆེ་དགུང་ན་བགྲེས་ཐོག་ཞབས་ཐང་ཉིན་མང་ཕེབས་རྐྱེན་སྐུ་ངལ་ཆེན་པོར་བྱུང་ཡོད་པ་དང༌། རྒན་ཡ་མ་རྒྱལ་མཚན་གྱིས་ད་ནི་ང་མི་འགྲོ་ཐག་གཅོད་ཡིན། ཁྱོད་ཚོ་བློ་བདེ་བོ་བྱས་ནས་ཕེབས། ངས་ཁྱོད་ཚོ་ལ་དཀའ་ལས་སྣོན་མ་བཟོ་འདོད་མི་འདུག ཅེས་ཨུ་ཚུགས་མཐའ་བསྐྱེལ་གནང་བས་རེ་ཞིག་ཅི་བྱ་མེད་པར་གཞོན་རྟ་དེ་ཉིདཧམཁན་ཟུར་རིན་པོ་ཆེ་ལ་ཕུལ་ཏེ་སྔོན་དུ་བཏང༌། མཁན་ཆེན་དམ་པ་དེ་ཉིད་འཕགས་ཡུལ་དུ་ཕེབས་ཐུབ་པ་བྱུང་བ་དང༌། དགེ་ལྡན་པའི་བསྟན་པ་སྤྱི་དང་ཡང་སྒོས་གདན་ས་སེ་ར་བྱེས་པའི་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་འདི་བཞིན་རྒྱས་ཤིང་འཕེལ་པ་བྱུང་བ་ཡང་རྗེ་བླ་མ་ཉིད་ཀྱིས་འགག་དོགས་ས་ནས་ཞབས་ཏོག་འདི་ལ་བལྟོས་པའི་མེད་ན་མི་འབྱུང་གི་ལྟོས་གྲུབ་ཀྱི་འབྲེལ་པ་ཟབ་པ་ཡང་བསམ་ཤེས་ཡོད་མཁན་ཞིག་ཡིན་ན་མཁྱེན་ངེས་སྙམ། ཁག་ཤག་དགེ་རྒན་ཡ་མ་རྒྱ་མཚན་བྲོས་བྱོལ་དུ་ཕེབས་རྒྱུར་སྒྱུད་ལུགས་ཏེ། ད་ནི་ང་རང་འགྲོ་ཐུབ་ས་མ་རེད། ཁྱོད་ཚོ་སོང་ཞེས་ཨུ་ཚུགས་གནང་ཡང༌། རྗེ་དམ་པ་འདི་ཉིད་དགེ་རྒན་དགེ་ཕྲུག་གི་དམ་ཚིག་དང་འཇིག་རྟེན་མིའི་ལར་རྒྱ་སྐྱིད་སྡུག་ལེགས་ཉེས་ཇི་ལྟར་བྱུང་ཡང་བློས་མི་གཏོང་མཁན་ཞིག་ཡིན་པས་རང་དགར་བཞག་མ་ཐུབ་པར་ཕེབས་སྐུལ་གྱི་ཨུ་ཚུགས་དང་བཅས་སྒུག་བསྡད་གནང་སྟེ་ཕྱི་འགྱངས་ཐེབས། དགུང་མོ་ཞིག་ལ་དྲག་ཆར་ཤིན་ཏུ་ཆེན་པོ་ཞིག་བབ་པ་དང་བྲག་ཕུག་ཅིག་གི་རྩར་ནས་མཚན་མོ་དེར་ཞག་བསྡད་མཛད་པའི་གཟིམས་ལམ་དུ་རྒྱ་དམག་གིས་བསྐོར་ཚུལ་དང་གཟུགས་མི་མངོན་པ་ཞིག་གིས་ལས་ལ་ཐུག་དུས་བྲོས་ཀྱང་མི་ཐར་བའི་ཚུལ་སྒྲོགས་པ་སོགས་ལུང་བསྟན་དང་ཉམས་སྣང་འདྲེས་པ་དུ་མ་བྱུང་ཞིང༌། ཞོགས་པ་ནམ་མ་གསལ་གོང་ཙམ་ཞིག་ལ་རྒྱ་སྐད་སྲོང་པོ་ཞིག་གིས་ཁྱོད་ཚོ་ཚང་མ་མགོ་ཐོགས། འགུལ་ཀྱོག་རྒྱག་ན་མེ་མདའ་རྒྱབ་ངེས་ཡིན་ཟེར་བ་ཐོས་མཚམས། གཞི་ནས་གཉིད་སད་དེ་གཟིགས་པས་རྒྱ་དམག་བརྒྱ་ཕྲག་ལྷག་ཙམ་གྱིས་མེ་མདའི་སྐམ་ཁུངས་ནང་མཛུལ་མོ་འཇུག་བཞིན་ཕྱོགས་ཀུན་ནས་བསྐོར་བ་དང་རྔམ་རྔམ་བྱས་ནས་ཡོད་པའི་ཁྲོད་ནས་ཐུང་མདའ་ཁུར་བའི་དམག་དཔོན་ཞིག་སྔོན་དུ་འཐོན་ཏེ། མགོ་འདོགས་བྱས་ན་གུ་ཡང་ཡོད། གལ་ཏེ་མགོ་བཏགས་མ་ཞུས་ན་གསད་ངེས་ཡིན། ཁྱོད་ཚོར་གལ་སྲིད་མེ་མདའ་ཡོད་ན་ཚུར་སྤྲོད་ཅིག་ཟེར། རྗེ་བླ་མ་འདི་ཉིད་ཀྱིས་དགུང་མོ་རྨི་ལྟོས་དང་དམག་དཔུང་གོ་མཚོན་ལྡན་པ་དུ་མ་དངོས་མཐོང་བྱུང་སྟབས་བྲོས་པས་ཐར་ཐབས་མེད་པར་དགོངས་ནས་སྐུ་འབུམ་གླིང་ཚང་གི་བུའི་མེ་མདའ་མདེའུ་མེད་མཁན་ཞིག་ཡོད་པ་དེ་རྒྱ་དམག་གི་འཁྲིས་ལ་མར་གཡུག་པས་རྗེས་མར་བཙོན་འོག་ཏུ་དེས་ཅུང་ཟད་ཕན་པོ་བྱུང་གསུངས། དེ་ནས་དགེ་སློབ་ཡོངས་རྫོགས་འཛིན་གཟུང་གིས་ལྷ་སར་ཕྱིར་འཁྲིད་ནས་བདུན་ཕྲག་གཅིག་ལྷ་སར་བཙོན་ཁང་དུ་བཞག སྐབས་དེར་ནོར་གླིང་དུ་བོད་བ་སྐྱ་སེར་ཁྲི་ཕྲག་ལྷག་ཙམ་གཡུལ་སར་འདས་གྲོངས་སོང་བ་རྣམས་ཀྱི་ཕུང་པོ་རྣམས་ཕྱོགས་གཅིག་ཏུ་སྤུངས་ཏེ་ས་སྣུམ་བཤོལ་ནས་མེ་བསྲེགས་བཏང༌། ཉིན་ཞག་བདུན་བརྒྱད་ཙམ་གྱི་རིང་ལ་རོ་བསྲེགས་པའི་དུ་ཞགས་ཀྱིས་ལྷ་སའི་གླིང་བཞི་ཡོངས་སུ་བསྒྲིབས། རུལ་དྲི་དང་ཚིགས་དྲི་ཡིས་ཡོངས་སུ་ཁེངས། མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ནང་བྱང་མྱོང་མེད་པའི་ཡིད་སྐྱོའི་གནས་ཚུལ་དེའི་འོག་ལོག་སྤྱོད་དང་ངོ་ལོག་པའི་མིང་ཐོག་ནས་ལྷ་སའི་བཙོན་ཁང་དུ་བཞུགས་དགོས་བྱུང་བའི་རིང་ཕ་ཡུལ་དང་གཞིས་དགོན་གདན་ས་གང་ཡིན་སྐོར་སོགས་དྲིས། སྐུ་འབུམ་གླིང་ཚང་བུ་ལོ་ན་ཆུང་བ་དང་གྲོད་པ་བཤལ་སྐྱུགས་ཀྱི་ནད་གཞི་ཚབས་ཆེན་བྱུང་བས་ལྷ་སར་རང་འཇགས་བཞག ལྷག་མ་དགེ་སློབ་རྣམས་བོད་ཟླ་གསུམ་པའི་ནང་འགྲེལ་བཤད་གང་ཡང་མེད་པར་གློ་བུར་མོ་ཊའི་ནང་དུ་དབོར་ཏེ་བྱང་ནགས་ཆུ་ནས་བརྒྱུད་བོད་ཤར་ཕྱོགས་སུ་འཁྲིད། ལམ་བར་དུ་ས་ཚུགས་རེར་སླེབས་པ་དང་བཙོན་སྲུང་དམག་མི་དང་མོ་ཊ་གཏོང་མཁན་སོགས་ལ་ཟ་འཐུང་གྲ་སྒྲིག་ཚད་ལྡན་དང༌། བཙོན་པ་ཚོར་ཟ་ལོ་བ་ཙམ་རེ་བཟོས་ནས་སྒུག་འདུག བཙོན་པ་མང་ཆེ་བ་ནི་གྲྭ་སའི་གྲྭ་པ་རེད་འདུག་གསུངས། གྲྭ་སའི་གྲྭ་པ་མང་ཆེ་བ་ཞིག་ནི་མོ་ཊ་ལམ་བཟོ་མཁན་བཞག་ནས་དྲུག་ཅུ་རེ་གཅིག་རེ་གཉིས་ཡན་མན་ལ་དཀའ་ལས་དང་ཟ་འཐུང་གཉིས་ཀས་གནར་གཅོད་ཚད་མེད་ཐེབས་པའི་འོག་མང་ཆེ་བ་མུ་གེས་ལྟོགས་ཤི་ཐེབས་འདུག བདེ་གཤེགས་གསུང་གི་ཚད་མའི་ལུང༌།། ཀྱེ་མ་བསླུ་བའི་གནས་མ་ལགས།། རིགས་དྲུག་འབྱུང་པོའི་དར་རྒུད་དག། མི་བརྟན་དབྱར་གྱི་ཆུ་སྤྲིན་བཞིན།། གདུང་དྲུག་མེས་པོའི་ཕ་ས་ཡི།། སྣོད་བཅུད་ཆ་ལག་བཅས་པ་ཀུན།། དར་ཅིང་རྒུད་པའི་འགྱུར་འགྲོས་དག། རླབས་ཀྱིས་གཡོ་བའི་མཚོ་གྲུ་བཞིན།། ཤིང་ལོའི་གོས་དང་ཤིང་འབྲས་ཟས།། སྤྱོད་པའི་བསྐལ་པ་ཡར་ཐོག་ནས།། སྤྲ་སྤྲེལ་འདུས་པའི་རིགས་རྒྱུད་ཀྱི།། སྲིད་པའི་འབྱོར་ཚོགས་འཕེལ་འགྲིབ་ཚུལ།། གདོང་བཞི་མེས་པོའི་བརྗོད་ལས་འགོངས།། སུམ་གཉིས་འཛམ་གླིང་ཟླུམ་པོའི་ཁྱོན།། རྐང་སེན་གཡོ་བས་མནན་པ་ནས།། གཞན་དབང་མུན་པའི་ལྕགས་སྒྲོག་འོག། ལུས་སྲོག་ཅིག་ཅར་འཆིང་བའི་བར།། མི་བརྟན་སྲིད་པའི་རང་མཚང་ཚུལ།། མི་མཆོག་རྒྱལ་བའི་བཀའ་ལུང་ལྟར།། མི་བསླུ་ཚད་མའི་རྗེས་འབྲངས་པ།། མི་ལའི་གཟིགས་པ་ཁོ་ན་འཐད།། འདོད་ཡོན་ནོར་བུའི་གདེངས་ཀ་ཅན།། དབང་ཕྱོགས་གདུག་པའི་ལག་འགྲོ་དག། མི་གཙང་ཁ་རླངས་ན་བུར་གྱིས།། ཆུ་ལྷའི་སྲོག་གི་རྩ་བར་གཟན།། བསླུ་བྲིད་སྲིན་མོའི་འཛུམ་ཞགས་ཀྱིས།། བཅུ་བདུན་ཆིངས་ཀྱི་མལ་ཁང་ན།། འཕྲུལ་གྱི་རྨི་ལམ་བཏང་པ་ལ།། ཞེན་པའི་ཐ་གུས་སྲོད་དུས་བསྐྱལ།། ནམ་ཞིག་ཡན་ལག་བཞི་པའི་དཔུང༌།། དུས་མཐའི་ཞུགས་དང་སྡེབ་ནས་འབར།། གངས་རིའི་མུ་ཁྱུད་འཕྱངས་པའི་ཞིང༌།། ཏ་ལའི་ལྗོན་པའི་ནགས་བཞིན་བསྲེགས།། རྫོགས་ལྡན་སྤྲིན་གྱི་བླ་རེ་དབྲལ།། ཕན་བདེའི་ལྗོན་པའི་རྩ་བ་བསྒྱེལ།། ལུང་རྟོགས་ཆོས་ཀྱི་དར་ཆེན་བསློགས།། སྡེ་བཞི་སྲིད་ཀྱི་ཁང་བཟང་བཤིགས།། དྲག་པོའི་དཔུང་ཚོགས་གྲོག་མའི་ཚང་བཞིན་བརྡོལ།། དྲག་པོའི་མདའ་མཚོན་ཐོག་སེར་ཇི་བཞིན་འབབ།། དྲག་པོའི་གཡུལ་གྱིས་གནམ་ས་གཡོ་བ་ཡིས།། དྲག་པོ་མིག་གསུམ་ལྡན་ཡང་བྲོས་སྙམ་དོགས།། ཀྱེ་མ་ལྷ་ས་ཞེས་བྱ་ལྷ་ཡི་ཡུལ།། མི་ཡུལ་འཕོས་པ་འདྲ་བའི་གྲོང་ཁྱེར་དེ།། མདའ་མཚོན་མེ་སྒྱོགས་བུ་ཡུག་འཚུབ་མའི་གསེབ།། སེར་བས་བཅོམ་པའི་སྲན་ཕུང་བཞིན་དུ་འཐོར།། གྲུ་འཛིན་གཉིས་པའི་ཕོ་བྲང་པོ་ཏ་ལ།། འདོད་རྒུའི་བསམ་འཕེལ་ནོར་བུའི་གླིང་ཡངས་པོ།། རྟེན་གྱི་སྙིང་པོ་བཞུགས་པའི་ཇོ་ཁང་སོགས།། འབར་རྫས་འགད་པའི་དུ་ཞགས་སྨུག་པོས་སྒྲིབ།། ལུང་རིགས་དབྱངས་སྙན་འཕུར་བའི་གདན་ས་གསུམ།། བསྐྱེད་རྫོགས་གྲུབ་པའི་བསྟི་གནས་རྒྱུད་གྲྭ་གཉིས།། ལྷུར་ཆགས་བཀོད་པ་མཛེས་པའི་ལྷ་སའི་གྲོང༌།། དམྱལ་ཁམས་གསོན་པོ་ས་སྟེང་འཕོས་འདྲ་བྱས།། ཞེས་པ་ཡང་གང་ཞིག་བྱུང་བའི་ལོ་རྒྱུས་ཀྱི་རྒྱུད་རིམ་དང་འབྲེལ་བའི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། །།


༢ དར་རྩེ་མདོ་ལྔ་མཆོད་དགོན་པའི་ནང་བཙོན་དུ་བཞུགས་སྐབས་ཀྱི་མཛད་པ།

ཀ་དག་གནས་ལ་དཀའ་བ་སྤྱད་པ་ནས།། ཁ་བ་གངས་ཅན་པ་ལ་བསམ་མཛད་པ།། ག་ནའང་རྒྱལ་བསྟན་དར་བ་མཛད་པ་གང༌།། ང་ཅག་བླ་མ་དམ་པར་ནམ་ཡང་བསྔགས།། དེ་ལྟར་མོ་ཊའི་ནང་ལྷ་ས་ནས་རིམ་བཞིན་ཉིན་བཅུ་ལྷག་ཁྲིད་མཐར་རྒྱ་ནག་སི་ཁྲོན་བརྒྱུད་ནས་ཁམས་དར་རྩེ་མདོར་སླེབས། དར་མདོ་ལྔ་མཆོད་དགོན་པའི་ནང་དུ་སྡེབ་བཙུད་བྱས། དེ་སྔོན་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ས་དགོན་སྡེ་ཉམས་དགའ་བ་དེ་ཉིད་ད་ནི་གསོད་གཏུབ་རྡུང་འཚོགས་བྱེད་ས་བཙོན་ར་ཞིག་ཏུ་བསྒྱུར་ཏེ། དགོན་པ་དེའི་ནང་ས་དགེ་བཀའ་རྙིང་རིས་མེད་ཀྱི་བླ་སྤྲུལ་དགེ་བཤེས་གདན་ས་ཁག་གི་གྲྭ་དཀྱུས། གཞན་ཡང་སྡེ་དཔོན་དང་ཡུལ་དཔོན་སོགས་མང་པོ་བཀག་ཉར་དང་བརྡུང་བརྡེགས་ཚད་མེད་ཐོག་ཡུལ་ལུང་སྤྱི་འགྲོས་སུ་མུ་གེའི་སྐལ་བ་ཤར་བའི་མགོ་འཛུགས་པ་མ་ཟད། བཙོན་ཁང་འདིའི་ནང་ཉིན་མང་རིང་ཟ་མཐུང་གི་དྲི་མ་ཙམ་ཡང་མི་གྲགས་པར་སྐབས་དུ་མར་ལུས་འགྲོ་བ་དང༌། དེའི་རྐྱེན་གྱིས་ལྟོགས་ཤི་ཐེབས་མཁན་ཉིན་རེར་མ་མཐར་ཡང་གཉིས་གསུམ་རེ་ཡོངས་གི་ཡོད་ཅིང༌། ཁ་ཤས་ཀྱིས་ལྐོག་ཏུ་ས་ཟ་བ་སོགས་ཀྱང་བྱུང་བའི་ལོ་རྒྱུས་གྲགས་ཆེ། སྐབས་དེར་དར་རྩེ་མདོ་པའི་ཡུལ་མི་བསམ་བཟང་འགའ་ཞིག་གིས་ལྔ་མཆོད་དགོན་པའི་ལྕགས་རིའི་ནང་དུ་ལ་ཕུག་དང༌། ཉུག་མ། རྒྱ་བྲོ་མ་སོགས་གང་རག་གིས་གཡུག་པ་དེ་རིགས་གཅིག་རག་ནའང་མི་རེ་མུ་གེ་ལས་སྐྱོབ་ཐུབ་པའི་ཚུལ་རྗེ་བླ་མ་འདི་ཉིད་ཙམ་མ་ཟད་བཙོན་ཁང་དེ་ནས་ཐོན་མཁན་མང་པོའི་རྒྱུད་ནས་ཡང་ཡང་ཐོས། དེང་སང་འཛམ་གླིང་སྤྱི་དང་ལྷག་དོན་བཙན་བྱོལ་སྲིད་གཞུང་དུ་སྤྱི་ལོ་༡༩༦༥རིག་གནས་གསར་རྗེ་མགོ་ཚུགས་པ་དང་དེ་ནས་དགོན་པ་གཏོར་བ་དང་རྟེན་གསུམ་གཏོར་བཤིགས་བཏང་བའི་ངོས་འཛིན་དང༌། སྤྱི་ལོ་༡༩༧༦ལོར་གཞི་ནས་མཇུག་རྫོགས་པར་གྲགས་ནའང༌། དོན་དངོས་ལ་མདོ་ཁམས་གཉིས་སུ་སྤྱི་ལོ་༡༩༥༦ནས་རྟེན་གསུམ་གཏོར་བཤིགས་གཏོང་རྒྱུའི་མགོ་འཛུགས་ཚར་བའི་ལོ་རྒྱུས་མང༌། དར་མདོ་ལྔ་མཆོད་དགོན་དུ་བཞུགས་རིང་བོད་རིགས་བཙོན་པ་བརྒྱ་ཆ་གོ་བརྒྱད་ཟིན་པ་དེ་རིགས་ལ་ཞོགས་པ་དང་ཉིན་གུང་འབྲས་ཐུག་ཆུ་དང་འདྲ་བ་རེ་དང༌། རྒྱ་རིགས་བརྒྱ་ཆ་གཉིས་ཟིན་པ་ལ་རྩམ་ཐུག་སྤྲོད་པས་རྒྱ་བོད་ཀྱི་བཙོན་པ་གཉིས་ཀར་ཟ་འཐུང་དེ་རིགས་མ་གོམས་པའམ་གང་ལྟར་ཡང་བཙོན་པ་ཕལ་ཆེ་བ་གཤལ་སྐྱུགས་ཀྱི་ནད་གཞི་ཕོག ནད་པ་ཛ་དྲག་རིགས་སྨན་ཁང་དུ་བསྐྱལ་ན་ཕྱིར་ལོག་རྒྱུ་མེད་པས་རྗེས་སུ་ཤེས་རྟོགས་བྱུང་དུས་དུག་ཁབ་རྒྱག་ནས་གསོད་རྐྱང་བྱེད་བཞིན་ཡོད་པར་གྲགས། བཙོན་ཁང་དེའི་ནང་བཙོན་པ་སྟོང་ཕྲག་ལྷག་ཙམ་ཡོད་ཅིང་ཉིན་རེར་མང་མཐའ་བཙོན་པ་བདུན་བརྒྱད་རེ་དང༌། ཉུང་མཐར་གཅིག་གཉིས་རེ་མི་ཤི་བའི་དུས་སྐབས་མེད། སུ་ཞིག་ཤི་ནའང་ཕུང་པོ་སྦ་ས་དམིགས་བསལ་བ་གཞན་གང་ཡང་མེད་པར་ལྕགས་རིའི་ཕྱི་རོལ་ཏུ་ས་དོང་གྲུ་བཞི་མ་ཆེན་པོ་གཏིང་རིང་ཅན་ཞིག་ཡོད་པ་དེའི་ནང་དུ་གཡུག་རྐྱང་ལས་སླར་ཕྱིར་སོས་པའི་ནད་པ་སྔ་ཕྱི་དུ་མར་བྱུང་ནའང་ས་དོང་དེ་ལས་ཕྱིར་བཏོན་རྒྱུའི་ལུགས་སྲོལ་མེད། གནས་ཚུལ་དེ་རིགས་གོང་རིམ་ལ་ཞུས་ན། འགྲིགས་པ་རེད། གསར་བརྗེ་ངོ་ལོག་པ་དང་ཉེས་ཅན་པ་རེ་རེ་ཉུང་ནའང་རྒྱལ་ཁབ་ཡར་རྒྱས་འགྲོ་རྒྱུའི་བཀག་རྡོ་རེ་ཉུང་དུ་ཕྱིན་པ་རེད། ཅེས་པ་ལས་ངོས་ལེན་བྱེད་མཁན་སུ་ཡང་མེད། བཙོན་པ་ཁ་ཤས་ལྟོ་ཚང་ནང་འབྲས་ཐུག་ལེན་མཁན་སོང་ནས་ཕྱིན་ལོག་ཁར་རྡོ་བཅལ་སྒང་ལ་ངལ་གསོ་རྒྱབ་སར་ཤི་བ་དང༌། འགའ་ཞིག་ལས་ཀ་སར་གློ་བུར་ཤི་བ་སོགས། མུ་གེ་དང་བཙོན་གནོན་བརྡུང་བརྡེག་ཙམ་མ་ཟད། ནང་གི་རྐྱེན་བོད་མི་ཡོངས་ཀྱི་སྤྱི་མཐུན་གྱི་དཀར་མིན་གནག་པའི་ལས་ཀྱི་འབྲས་བུ་དུས་ཐོག་ཏུ་སྨིན་པ་ཡིན་ངེས། དེ་དུས་བཙོན་པའི་ཁྲོད་ནས་ལོ་ན་ཆུང་ཤས་དང་སྐུ་གཟུགས་འཐམ་ཤས་དེ་ཡིན་པས་འདས་གྲོངས་སོང་པའི་བཙོན་པ་མང་པོའི་ཕུང་པོ་བསྐྱེལ་མཁན་ཕེབས་དགོས་བྱུང་ཞིང་དེ་སྔོན་མི་རོའི་འཁྲིས་ལ་བཅར་བ་ཙམ་ལ་ཡང་ཞེད་སྣང་ཡོད་ཀྱང་དེ་དུས་ཞེད་སྣང་ཟེར་བ་སེམས་ལ་དྲན་རྒྱུ་མི་འདུག མི་ཟེར་མཁན་དེ་གང་བསྐོས་ཅི་བསྐོས་དངོས་གནས་རེད་འདུག་གསུངས། ཟླ་བ་གཅིག་ཙམ་རྗེས་ནས་བཙོན་པ་ཁག་གཅིག་ངལ་རྩོལ་ལས་ཀ་ལ་དེད་དེ་ཤིང་ནགས་བཅད་བྲེགས་དང་ལམ་བཟོ་གློག་ཀ་བསླང་རྒྱུ་སོགས་ལས་ཀ་འདྲ་མིན་བསྐུལ། རྒྱུན་ལྡན་ཚོགས་འདུ་བསྐང་ཏེ་དེའི་ནང་དོ་བདག་སོ་སོས་ནོར་འཁྲུལ་གང་ཡོད་པ་དེ་བསྐྱར་བཤད་ཡང་བཤད་ཀྱིས་ངོས་ལེན་བྱེད་རྒྱུ་དང༌། རྒྱལ་ཁབ་ཀྱི་ཆབ་སྲིད། མའོ་ཙེ་ཏུང་གི་བཀའ་སློབ། སྤྱི་ཚོགས་རྙིང་པའི་ལམ་ལུགས་རྗེས་ལུས་ཡིན་ལུགས། རྒྱལ་བ་རིན་པོ་ཆེ་དང་ཁྲི་བྱང་རིན་པོ་ཆེས་མ་འགྲིགས་སྟངས། ཏང་གི་ཡང་དག་པའི་དབུ་འཁྲིད་འོག་མང་ཚོགས་ཀྱི་བདེ་སྐྱིད་ཐོབ་ཚུལ། ཁྲའོ་སྐྱོབ་ཨ་འགོག་དང་རྒྱལ་སྐྱོབ་རི་འགོག་བཅས་བཤད་དགོས་མོད། བཙོན་པ་བརྒྱ་ཆ་དགུ་བཅུ་བརྒལ་བས་བཙོན་སྲུང་རྒྱ་དམག་ཚོའི་བཙན་བསྐུལ་ཇི་ཙམ་བྱས་ནའང་རྒྱལ་བ་རིན་པོ་ཆེ་དང་ཁྲི་བྱང་རིན་པོ་ཆེ། སངས་རྒྱས་ཆོས་ལུགས་ཀྱིས་མ་འགྲིགས་པ་ཟུར་ཙམ་ཡང་བཤད་ཁ་མི་ཉན། ད་དུང་རྗེ་བླ་མ་འདི་ཉིད་དང་དགེ་རྒན་བླ་མ་བཀྲ་ཤིས་གཉིས་སེར་བྱེས་མཁན་ཟུར་རིན་པོ་ཆེའི་དགེ་ཕྲུག་ཡིན་སྟབས་བཅར་འདྲི་དམིགས་བསལ་བ་དེ་འདྲ་གང་ཞིག་བྱེད་ཡོང་བསམ་པའི་ཞེད་སྣང་ཡོད་ནའང་སྟབས་ཡག་ནས་དེ་རིགས་འདྲི་བརྩད་མ་བྱུང་བར་མ་ཟད། དགེ་རྒན་བླ་མ་བཀྲ་ཤིས་མཆོག་ནས་ཀྱང་བཅར་འདྲི་ཞི་དྲག་གང་འདྲ་བྱས་ཀྱང་བཟོ་སྟབས་གློད་པ་དེ་འདྲ་རྩ་བ་ནས་མི་གནང་བར་ཕོ་རབ་རྡོ་ནང་བཞིན་ཞིག་ཡིན་ཞེས་ཡང་ཡང་བསྔགས་བརྗོད་གནང༌། རྒྱུན་དུ་བཅུ་ཤོག་ཆ་བགོས་ཀྱིས་ལྔ་མཆོད་དགོན་པའི་ཆོས་གྲྭ་ནང་ཏང་གི་སྲིད་ཇུས་དང་རང་གི་བསམ་འཆར་སོགས་བཤད་དགོས་ཀྱང་བཙོན་པ་ཚོ་བར་ལམ་ནས་བཤད་རྒྱུས་བཏུགས་ནས་མི་ཚེའི་བྱུང་རིམ་ནང་མཐོང་ཐོས་བྱུང་བའི་ལྷ་འདྲེ་འདོན་བགེགས་དང་རྐུན་ཇག་འཕྲོག་གསུམ། སྟག་གཟིག་དམ་དྲོད། དགྲ་འདུལ་གཉེན་སྐྱོང་སོགས་འཇིག་རྟེན་སྲིད་པ་འདིའི་ཐོག་བློ་ཡུལ་དུ་ཤོང་དཀའ་བའི་ལོ་རྒྱུས་ཡ་མཚར་དངོས་བྱུང་དང་སྒྲུང་གཏམ་བཤད་སྒྲོས་སོགས་ཡ་མཚན་པ་མང་པོ་ཕན་ཚུན་བཤད་རེས་བྱས་པས། བཙོན་སྲུང་རྒྱ་དམག་རྣམས་བསྐོར་གཡེངས་ལ་ཡོང་ནའང་ཁོ་ཚོས་བོད་སྐད་མི་ཤེས་སྟབས་གཏམ་བཤད་པ་ཙམ་གྱིས་འགྲིགས་པར་འཛིན་པས་སྐད་ཆ་དེ་རིགས་རྒྱུན་འབྱོལ་དུ་བཤད་པ་བཙོན་གྲོལ་བ་གཞན་དང་གཞན་གྱི་ངག་རྒྱུན་ནས་ཀྱང་ཐེངས་མང་གོ་བ་རྣམས་རང་མལ་ལུས་ན་ཕོངས་པས་ཡིག་ཐོག་ཏུ་ཕབ་པར་འདོད་མོད། འདིར་བཀོད་ན་བླ་མའི་རྣམ་ཐར་དང་ངག་བཀྱལ་འདྲིས་ཤིང་སྐབས་དོན་བརླག་པས་ཀྱང་དོགས་ཏེ། གཞན་དུ་བཤད་པར་འདོད་ནས་འདིར་འབྲི་བའི་ངལ་བ་མ་བྱས་སོ། སྐབས་ཤིག་བཙོན་པ་ཚོ་མཉམ་འཛོམས་ཀྱི་ཚོགས་ཆེན་ཞིག་གི་ཐོག ཁྱེད་ཚོ་སངས་རྒྱས་ཆོས་ལུགས་ནང་ཉི་མ་དང་ཟླ་བ་ད་དུང་སྐར་མ་ཚོ། ཡང་སྙིང་གང་འདྲ་ཞིག་ཏུ་ངེས་འཛིན་བྱེད་ཀྱི་ཡོད་པ་རེད་ཤོད་ཅིག་ཟེར་ཡང་སུ་ཞིག་གིས་ཀྱང་ལན་བཏབ་མ་ཕོད་པར་སྡོད་པས། ཡང་བསྐྱར་ཁྱོད་ཚོ་ཞེད་དགོས་པ་མ་རེད་བསམ་ཚུལ་གང་ཡོད་པ་དེ་བཤད་ཆོག་པ་རེད། བཤད་དགོས་པ་རེད། ཚད་རིག་པའི་ལྟ་སྟངས་བྱས་ན་ཟླ་བ་ནི་འཇིག་རྟེན་གྱི་ཁོར་ཡུག་ཅིག་རེད། ངོས་འཛིན་དེ་འཐད་ལྡན་དུ་བྱས་ན་མི་འགྲིག་པའི་རྒྱུ་མཚན་ཡོད་དམ། ཞེས་ནན་ཆེན་པོས་དྲིས་པར་རྗེ་འདི་ཉིད་ཀྱིས་ཚན་རིག་པའི་ལྟ་སྟངས་ལ་རྒྱུ་མཚན་ཡོད་རྒྱུ་རེད། འོན་ཀྱང་སངས་རྒྱས་ཀྱི་གསུང་རབ་ནང་འགྲོ་བ་རིགས་དྲུག་གི་ནང་ཚན་ལྷར་ངོས་འཛིན་གནང་ཡོད་ཅིང༌། ང་ཚོས་ཆུ་བུར་མིག་གིས་མཐོང་བའི་འོད་གོར་འདི་ཉིད་རྡུལ་ཕྲན་བསགས་པའི་རགས་གཟུགས་ཡིན་དུ་ཆུག་ཀྱང༌། དེ་བདག་གིར་བྱེད་མཁན་དེ་ལྷ་བྱེ་བྲག་པ་ཞིག་ཡིན་པ་དང༌། དེ་ཉིད་གང་ལ་བརྟེན་པའི་ཁང་བཟང་ངམ་རྟེན་པའི་གཞི་དེར་འཇིག་རྟེན་པ་ཚོས་ཟླ་བ་ཞེས་བཏགས་པ་ཙམ་མ་གཏོགས་དོན་དངོས་ཀྱི་ཟླ་བ་ནི་ཁང་བཟང་དེ་ཉིད་བདག་ཏུ་བཟུང་མཁན་དེ་ཡིན། ཞེས་བརྗོད་པར་ཁོང་ཚོས་བསམ་འཆར་བཤད་ཆོག་པ་རེད། ཅེས་ཧ་ལོན་འདོག་མི་བྱེད་ཅིང་ཚུར་ལན་བཏབ་མ་ནུས། ཉེ་བའི་བཙོན་གྲོགས་འགའ་ཞིག་གིས་འགྲེལ་བཤད་ཡག་པོ་གནང་སོང་ཞེས་དགའ་དགའ་བྱེད། འགའ་ཞིག་གིས་ད་གཟབ་གཟབ་མ་བྱས་ན་སང་ཉིན་བསྙད་འདོགས་ག་རེ་བྱེད་འོང་མི་ཤེས་ཟེར། དེའི་མཚན་མོར་གཉིད་ཀྱང་ཡག་པོ་མ་ཁུག་ཅིང་སང་ཉིན་བཙོན་པའི་ཚོགས་འདུ་ནང་མི་ཁ་ཤས་ཀྱིས་ཀླད་པ་རྡོ་ལས་མཁྲེགས་པས་སློབ་གསོ་དང་ལམ་སྟོན་ཅི་ཙམ་གནང་ཡང་གོ་རྟོགས་གང་ཡང་མེད་པར་མིག་བཙུམ་རྐྱང་དང་རྣ་བ་བཀབ་རྐྱང་བྱེད་བཞིན་ཡོད་པ་རེད། ཟླ་བའི་གྲོང་ཁྱེར་ནང་ཨ་རི་སོགས་འཛམ་གླིང་གི་མི་གསོན་པོ་མང་པོ་ཞིག་འགྲོ་ཚར་བ་རེད། མི་རིང་བར་རང་རྒྱལ་གྱི་མི་སྣ་ཡང་འགྲོ་ངེས་རེད། ད་དུང་ལྷ་དང་ལྷ་ཡུལ་གྱི་ཞིང་ཁམས་རེད་ཅེས་ཨུ་ཚུགས་བྱེད་ཀྱི་ཡོད་པ་རེད། ཅེས་ཟུར་ཟ་དང་ཁ་བརྡུང་གང་མང་གཏོང་བ་ཙམ་ལས་དམིགས་བསལ་ཉེས་ཆད་ནི་གང་ཡང་གཅོད་མ་བྱུང༌། འོན་ཀྱང་དེ་ནས་བཟུང་ཚོགས་འདུའི་ནང་སྐད་ཆ་གང་བཤད་ནའང་འགྲིགས་ཞེས་ཇི་ཙམ་བཤད་ནའང་ལྟ་གྲུབ་ཀྱི་རྣམ་བཞག་དང་འབྲེལ་བའི་བསམ་འཆར་བཏོན་མཚམས་བཞག བཙོན་པ་ཚོའི་གསང་སྤྱོད་ས་དོང་གྲུ་བཞི་མ་མང་པོ་བྲུས་ཤིང་དེ་དག་ཕན་ཚུན་བར་གཅོད་བྱེད་ནི་གསང་བདེ་འཇིགས་གསུམ་དང༌། བླ་མཆོད་ཚོགས་ཞིང་གི་ཞལ་ཐང་བརྩེགས་འཐོན་མ་མང་པོ་མགོ་གཞུག་སློག་ནས་བཀལ་ཡོད་པ་དང༌། འཕོང་ཕྱིས་སུ་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་རིན་པོ་ཆེའི་པོ་ཏི་རེ་རེ་བཞིན་གསང་སྤྱོད་དོང་ཁར་བཞག་ཡོད་པ་དེས་འཕོང་ཕྱིས་བྱེད་དགོས། དེ་སྔོན་རྨི་ལམ་དུའང་རྨིས་མ་ཕོད་པའི་གནས་སྟངས་སྡུག་པོ་དེ་དག་དངོས་སུ་མཐོང་ཐོས་བྱུང་བར་མ་བཟད་ནས་གཞན་དུ་ཆབ་གསང་ལ་ཕེབས་པས་སྐབས་ཤིག་བཙོན་སྲུང་བ་ཞིག་གིས་མཐོང་སྟེ། གསང་སྤྱོད་ནང་ཆབ་གསང་མི་འགྲོ་བ་དེ་ཆེད་མངགས་ཀྱིས་ཀྱག་ཀྱག་བྱེད་པ་རེད་ཅེས་ཁ་རྡུང་དང་ཉེས་རྡུང་ཚད་མེད་བཏང༌། ལྔ་མཆོད་དགོན་པའི་ནང་གི་རྟེན་གཙོ་གསེར་དངུལ་ལས་གྲུབ་པ་རྣམས་ནི་དབོར་ནས་མི་འདུག་ལ། སྨན་འདམ་ཀྱི་སྐུ་བརྙན་རྣམས་ནི་དབུ་བཀོག་པ་དང༌། ཕྱག་ཞབས་བཅག་པ། ཤོངས་བྲེགས་པ། ཁ་སྦུབས་སློག་པ། གན་རྐྱལ་དུ་བསྒྱེལ་བ་སོགས་ཅི་རིགས་ངེས་མེད་ཀྱིས་གཏོར་གཤིགས་བཏང་ནས་སྐུ་འདྲ་སྐྱོན་མེད་གཅིག་ཀྱང་ལུས་མེད་པ་དེ་སྔོན་མཐོང་མ་མྱོང་ཞིང་དེ་དུས་མཐོང་བ་ཐེངས་དང་པོ་ཡིན་སྟབས། ཞེད་སྣང་ལྟ་བུས་མཚན་མོ་འགའ་ཞིག་གཉིད་ཀྱང་མི་ཁུག་པར་གྱུར། ད་ལྟར་ཡང་ཡིད་སྐྱོ་བའི་བྱུང་རིམ་དེ་ཚོ་ཕྱི་དྲན་རེ་གནང་དུས་རང་དབང་མེད་པར་མིག་ཆུ་འཁྲུག་པ་ཡོང་གི་འདུག་ཅེས་ཀྱང་གསུངས། ཚོགས་འདུའི་ནང་བཙན་རྒྱལ་ཨ་མི་རི་ཁ་ནི་ཤོག་བུའི་སྟག་རེད། ཕར་བལྟས་ན་རྫིག་པོ་འདྲ་ཡོད་ཀྱང་དོན་དངོས་ལ་ཤོག་བུ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛམ་གླིང་ཡོངས་རྫོགས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེར་འཁྲིད་རྒྱུ་དང༌། འཛམ་གླིང་མཐུན་སྒྲིལ་ཆེན་པོའི་ལམ་ཕྱོགས་ལ་བཙན་རྒྱལ་རིང་ལུགས་ཀྱིས་འགོག་སྐྱོན་བཟོ་མི་ཐུབ་ཚུལ། དམག་ཆེན་གཉིས་པའི་སྐབས་ཀྲུང་གོས་རི་པིན་མཐའ་བསྐྲོད་གཏོང་ལུགས་སོགས། ཉེ་རབས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས། མ་འོངས་པའི་འཆར་གཞི་བཅས་ཀྱི་སློབ་གསོ་ནན་པོ་ཡང་ཡང་བྱེད། བཙོན་པ་ཁ་ཤས་རང་སྲོག་གཏོང་པ་དང་ཁ་ཤས་ལྐོག་བསད་བཏང་བ། ལ་ལ་ལྟོགས་ཤི་ཐེབས་པ། འགའ་ཞིག་ནད་རིམས་ཀྱིས་གྲོངས་པ་སོགས་ཉིན་རེར་མ་མཐའ་ཡང་གཉིས་གསུམ་རེ་ཡོང་གི་ཡོད། དུས་ཡུན་འདི་དག་གི་རིང་བོད་ས་སྟོད་སྨད་ཡོངས་རྫོགས་མུ་གེ་དང་བསད་གཏུབ་བརྡུང་འཚོགས་ཀྱིས་མནར་བའི་སྐབས་ཡིན་པ་སྨོས་མེད་ཐོག དཀར་མཛེས་ཁུལ་གྱི་སྐྱ་སེར་ཡུལ་དགོན་གཉིས་ཀྱི་སྐོར་ཞོར་འཕྲོས་ཙམ་བརྗོད་ན། སྐབས་དེར་ཧོར་སེར་ད་ར་ཁག་ལྔའི་གྲྭ་བཙུན་དང་ཨ་ནེ་ཡོངས་རྫོགས་དཀར་མཛེས་དགོན་པའི་མཚན་ཉིད་གྲྭ་ཚང་གི་འདུ་ཁང་ནང་སློབ་གསོའི་ཚོགས་འདུ་བསྐངས་ཏེ། བོད་ཀྱི་མི་འབོར་ཉུང་བ་དང་ཐོན་བསྐྱོད་རྗེས་ལུས་ཀྱི་ངོས་འཛིན་དང་དེའི་རྒྱུ་མཚན། དེ་སྔོན་ཁྱོད་ཚོ་རང་དབང་གིས་གཉེན་སྒྲིག་བྱེད་རྒྱུའི་ཐོབ་ཐང་མེད་ཅིང་ད་རེས་ཁྱོད་ཚོ་ལ་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཐོབ་པ་རེད་ཅེསསོགས་ཡང་ཡང་བཤད། མཚན་མོ་རྟག་པར་འདུ་ཁང་དུ་སྦྲང་སེ་རྒྱབ་བཅུག་ཏེ་གྲྭ་པ་དང་ཨ་ནེ་སུ་ཞིག་སྐྱ་སར་བབ་ནའང་ཁ་ཐུག་དགོན་པའི་ཅ་ལག་གོང་ལེན་བྱས་པའི་ནང་ནས་མི་ཚང་གཟུང་བའི་ཆ་རྐྱེན་འདང་ཙམ་རེ་སྤྲོད་ནས་ཚོགས་འདུའི་ནང་བསྟོད་ར་བཏང་བ་སོགས་བྱས་པས་རིམ་བཞིན་རང་ཚུགས་དེ་ཙམ་བརྟན་པོ་མེད་པའི་གྲྭ་བ་དང་ཨ་ནེ་མང་པོ་ཞིག་སྐྱ་སར་བབས། སློབ་གསོ་མི་འཕྲོད་པའི་རིགས་ལ་ཀླད་པ་ལྗང་ཁུ་དང་རྗེས་ལུས་སོགས་ཀྱི་མིང་ངན་འདྲ་མི་བཏགས་ནས་མཉམ་ལས་སོ་སོའི་ངལ་རྩོལ་རྒྱུད་བཀོད་ནང་ཞྭ་གྱོན་དང་མི་ནག་གི་གྲལ་ལ་བཞག་སྟེ་སྡུག་གྱོང་ཚད་མེད་བཏང༌། ཏྲེ་ཧོར་ཁུལ་ཀྱི་དཔོན་ཁག་དང་བླ་སྤྲུལ་དགེ་བཤེས་རིགས་མི་སྣ་ཆེ་གྲས་རྣམས་དཀར་མཛེས་ཁང་གསར་ཕོ་བྲང་དུ་བསྡུ་བསྐང་ཀྱིས་སྔོན་ཀྱི་བྱས་ཉེས་ངོས་ལོན་དང་ཅ་དངོས་སྐུངས་སྦས་བྱས་རིགས་ཕྱིར་སྤྲོད་དགོས་ལུགས་སོགས་བཤད་ནས་མི་སྤྱོད་ལས་འདས་པའི་རྡུང་འཚོགས་ཚད་མེད་ཐོག ཟ་ཆས་མེད་པར་ཉིན་མང་བཞག་པས་གྲྭ་སའི་དགེ་བཤེས་རྣམས་སྔོན་ཀྱི་དཀའ་ཐུབ་སྤྱད་པའི་གོམས་པ་ལ་བརྟེན་ནས་བཟོད་སྲན་ཐུབ་པ་དང༌། སྤྲུལ་པའི་གང་ཟག་དང་དཔོན་ཁག་ཚོ་བཀྲེས་གདུང་གིས་མ་བཟོད་ནས་གོམ་ལོན་ངོས་སུ་རྩམ་པ་ཅུང་ཟད་རེ་འགོས་ཡོད་པ་ཚུན་ཆད་ལྕེ་བལྡགས་བྱེད་དགོས་བྱུང་བ་སོགས། དམྱལ་བ་དང་ཡི་དྭགས་ཀྱི་གྲོང་ཁྱེར་གཉིས་ཀ་དུས་གཅིག་ཏུ་མི་ཡུལ་ལ་འཕོས་པ་ལྟ་བུའི་སྡུག་བསྔལ་མྱོང་དགོས་བྱུང་འདུག ཕོ་བྲང་དེའི་ནང་གནམ་བཀལ་ས་ཕབ་ཀྱིས་རྡུང་བརྡེབས་ཚ་ནན་ཆེས་དྲགས་པོས་ལ་ལ་རྐང་ལག་བཅག་པ་དང་ཁ་ཅིག་རྩིབས་མ་བཅག་པ། འགའ་ཞིག་གློ་བ་དང་རྙིང༌། ཁལ་མ་སོགས་བསྟོར་བ་དང་ཀླད་པ་བཀྲུག་པ། ཁ་ཅིག་ནི་ཉེས་རྡུང་དང་བཀྲེས་སྐོམ་ཀྱིས་མ་བཟོད་ནས་རང་ཤི་རྒྱབ་པ། འགའ་ཞིག་གིས་སྐུ་མཁྱེན་ཐུགས་མཁྱེན། ཆུ་ཕོ་བ་གང་སྤྲོད་རོགས། དེ་མཐུང་ནས་ཤི་ནའང་འགྱོད་པ་མེད་ཅེས་ལབ་བཞིན་ཤི་བ། འགའ་ཞིག་ནི་ཁང་སར་ཕོ་བྲང་གི་ཐོག་ཁ་ནས་མཆོང་སྟེ་ཤི་བ་སོགས་ཡིད་སྐྱོ་བའི་གནས་ཚུལ་བཤད་ན་ཉན་མི་ཕོད་པའི་ཚད་ཀྱིས་ལོ་རྒྱུས་ཤིན་ཏུའང་མང༌། ཡ་ང་བའི་གནས་སྟངས་དེའི་འོག་ནས་འདས་གྲོངས་སོང་བའི་མི་དྲག་བླ་དྲག་མང་པོ་ཞིག་གཤིན་འདྲེར་སྐྱེས་ཏེ། དུས་ཕྱིས་སུའང་མཚན་མོ་རྟག་པར་ཁང་སར་ཕོ་བྲང་ནང་ང་ལ་ཆུ་ཞིག་སྤྲོད་རོགས། སྐུ་ཚེ་རིང་ཞེས་དང༌། ཨ་ར་ཨ་ཚ་ང་མར་ཕབ་རོགས། ད་རྡུང་མཚམས་བཞག་རོགས། ངས་ཅ་ལག་སྐུངས་སྦས་བྱས་པ་གང་ཡང་མེད་ཅེས་སོགས་ཀྱི་ངུ་སྒྲ་དང་འབོད་སྒྲ། ཆག་སྒྲ་དང་སྒག་སྒྲ་གྲགས་པའི་ལོ་རྒྱུས་ཤིན་ཏུ་མང་བའང་འཕྲོས་གླེང་ཙམ་མོ།། ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ལྟར་བཙོན་ཁང་དུ་བསྡད་རིང་ན་བཟའ་དང་གནམ་གཤིས། གཟུགས་ཁམས་དང་གསོལ་ཆས། སློབ་གསོ་དང་ལྟ་གྲུབ་བཅས་ཕན་ཚུན་གུང་འགྲིག་པ་ཞིག་མ་བྱུང་ཐོག་འབམ་གྱི་སྙུན་གཞི་དྲག་པོ་ཞིག་གིས་ཀྱང་མནར་བས་ནད་དགོངས་ཐོབ། དེ་ནས་བཟུང་ནད་པའི་ཟོལ་གྱིས་སྐུ་མཚམས་ལ་བཞུགས་པར་མཛད་དེ་དགའ་ལྷ་དང་འབྲེལ་བའི་དམིགས་བརྩེ་མ་འབུམ་ཕྲག རྗེ་བཙུན་རྡོ་རྗེ་རྣམ་འབྱོར་མའི་བདག་བསྐྱེད་དང་འགྲེལ་བའི་རྩ་སྔགས་ཨོཾ་གསུམ་མ་འབུམ་ཕྲག་ཉི་ཤུ་བཅས་བསགས། དུས་ཡུན་དེ་དག་གི་རིང་ལ་བྱང་ཆུབ་ལམ་གྱི་རིམ་པའི་རྣམ་གཞག་མགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་གི་བར་དམིགས་རྣམ་སྦྱངས་ཤིང་ལྷག་པར་ལས་འབྲས་དང་སྐྱབས་འགྲོ ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་བཅས་ལ་ཐུགས་དམ་ཟབ་མོའི་ལུགས་ཀྱིས་ངེས་ཤེས་འདྲོངས་པ་གནང༌། སྤྱོད་འཇུག་གི་དེ་བས་རྒྱལ་བ་འགྲོ་བའི་མགོན། །ཞེས་པ་ནས་འཇིག་པ་གྱུར་དུ་བསྐྱབ་ཏུ་གསོལ། །ཞེས་པའི་བར་ཀྱི་ཚིག་དོན་ཡང་ཡང་བསྐྱར། ཡང་སྒོས་བླ་མ་མཆོད་པའི་ནང་གི དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། ། མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། ། མ་ལུས་ད་ལྟར་བདག་ལ་སྨིན་པ་དང༌། ། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིན། ། འགྲོ་ཀུན་དོན་དང་ལྡན་པར་བྱིན་གྱིས་རློབས། ། ཞེས་པའི་ཚིག་དོན་ཐོག་ནས་བཏང་ལེན་ཡང་ཡང་བསྒོམས་པས་བཏང་ལེན་དང་བདག་གཞན་ཉམས་བརྗེའི་ཉམས་དང་རྟོགས་པ་ཡར་ངོའི་ཟླ་བ་ལྟར་འཕེལ་ཏེ། ཞལ་ནས་མི་ཚེ་ནང་ཉམས་ལེན་ཡག་ཤོས་དེ་བཙོན་ཁང་ནང་བྱུང་གསུངས། དེ་ལྟར་ལོ་ངོ་གཅིག་ཙམ་རིང་ལ་དར་མདོ་ལྔ་མཆོད་དགོན་པའི་ནང་བཙོན་པ་བྱས་ནས་བསྡད་ཅིང་སྙུང་གཞི་བྱུང་བའི་རྗེས་ནས་ནང་ལ་བཞུགས་རྐྱང་བྱས་སྟབས་ཞབས་གཉིས་ཀ་གྲུམ་བུའི་རྣམ་པ་ལྟ་བུས་འབྱར་ནས་ཕེབས་མི་ཐུབ་པར་གྱུར། མ་ཉེས་མི་ཉེས་ཉེས་པ་མེད་པ་ཡི།། མ་སྨད་མི་སྨད་སྨད་པ་མེད་པའི་མཆོག། མཆོག་གི་མཆོག་གྱུར་མི་མཆོག་དམ་པ་ཁྱོད།། ཀྱེ་མ་ཀྱེ་ཧུད་བཙོན་དུ་ཇི་ལྟར་འཁྲིད།། ཡིད་དགའ་ཆོས་འཛིན་མི་ཡུལ་འཕོས་འདྲ་བའི།། དར་མདོ་ལྔ་མཆོད་དགོན་པའི་འདུ་ཁང་དེ།། ཀྱེ་མ་ད་ནི་བསད་གཏུབས་རྡུང་རྡེག་གིས།། དམྱལ་ཁམས་བཅོ་བརྒྱད་མི་ཡུལ་འཕོས་འདྲ་གྱུར།། རྩ་ཆེ་ཞལ་ཐང་གསང་སྤྱོད་ཡོལ་བ་བྱས།། བཀའ་བསྟན་གླེགས་བམ་འཕོང་ཕྱིས་ཤོག་གུར་བཞག། གསེར་དངུལ་ཟངས་སྐུ་ཕལ་ཆེར་རྒྱ་ཡུལ་དབོར།། མ་ཎི་འཁོར་ལོ་རྐུབ་ཀྱགས་ཚབ་ཏུ་བྱས།། མདོ་དབུས་ཁམས་ཀྱིས་བསྡུས་པའི་ཡུལ་ལྗོངས་ནས།། མཐོན་པོའི་དཔོན་དང་བླ་མ་སྤྲུལ་པའི་སྐུ།། ཉམ་ཆུང་དམངས་དང་གྲྭ་རྐྱང་དཀྱུས་མ་ཡན།། ཉེས་མེད་བཙོན་པ་སྟོང་ཕྲག་དུ་མ་རུག། ཁ་ཤས་ཚ་འདྲི་བཏང་ནས་སྨྱོན་པར་གྱུར།། ལ་ལ་རྡུང་བརྡེག་དྲག་པོས་རྐང་ལག་བཅག། གཞན་དག་ལྐོག་བསད་བཏང་ནས་ས་འོག་སྦས།། ཁ་ཅིག་གནམ་ཐག་རྒྱབ་ནས་རང་སྲོག་བཅད།། ཤི་བསད་ཁྲག་གི་འཁོར་ལོ་བསྐོར་བ་ཡིས།། དམྱལ་ཁམས་བཅོ་བརྒྱད་ས་སྟེང་འཕོས་པ་བཞིན།། བཟའ་བཏུང་མེད་ནས་ལྟོགས་ཤི་ཐེབས་པ་ཡིས།། པྲེ་ཏ་པི་རའི་ཞིང་ཁམས་འགྲིམས་པ་བཞིན།། ལྷ་དང་བླ་མ་ཆོས་དང་དགེ་འདུན་ལ།། གཞི་མེད་སྐུར་འདེབས་བྱས་པའི་སྒྲོག་སྦྱངས་དང༌།། སྡེ་བ་གཞུང་དང་དགོན་སྡེ་བླ་དཔོན་ལ།། མ་ཉེས་ཁ་གཡོག་བྱས་པའི་གཏམ་བརྗོད་སྤེལ།། འཁྱགས་ལྟོགས་རྡུང་བརྡེག་གསུམ་གྱིས་གནར་བ་ཡི།། ཉམ་ཐག་བཙོན་ཁང་ནང་གི་ནད་པ་རྣམས།། ཤི་གསོན་དབྱེ་ཐག་ཆད་ལོང་མ་བྱུང་གོང༌།། རོ་དོང་ནང་དུ་འཕངས་ནས་གསོན་སྦས་བཏང༌།། མཐོང་ན་མིག་ཆུ་ཁྲག་ཏུ་འགྱུར་བ་དང༌།། བསམ་ན་སྙིང་རྩ་རླུང་གིས་བཀྱགས་བྱེད་པའི།། མི་བཟོད་སྡུག་བསྔལ་མཚོ་རླབས་ལྟར་འཁྲུགས་པའི།། སྙིགས་ལྔའི་རང་མཚང་བརྡོལ་བའི་ཁོར་ཡུག་དེར།། སྡུག་བསྔལ་དང་དུ་བླངས་པའི་བཟོད་པ་དང༌།། བདག་གཞན་མཉམ་བརྗེ་སྒོམ་པའི་སེམས་བསྐྱེད་གཉིས།། ཟུང་འབྲེལ་སྙིང་སྟོབས་ཡར་ངོའི་ཟླ་བཞིན་འཕེལ།། བསླུ་མེད་སྐྱབས་སུ་བསྟེན་པའི་རྒྱུ་ཚོགས་བརྟན།། རྣམ་དག་ངེས་པར་འབྱུང་བའི་ཁོ་ལག་ཡངས།། རྐྱེན་ངན་ལམ་དུ་ཁྱེར་བའི་མན་ངག་ཟབ།། དམ་པའི་རང་མདངས་ཉི་མའི་འོད་བཞིན་གསལ།། རྩེ་གཅིག་རྣལ་འབྱོར་སྒོམ་པའི་ཏིང་འཛིན་བརྟན།། བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་བཟང༌།། ན་རོ་མཁའ་སྤྱོད་དབང་མོའི་བསྙེན་པ་ཟབ།། མུན་པའི་གླིང་དུ་བསྟན་པའི་རྒྱལ་མཚན་འཛུགས།། གང་ཁྱོད་དམར་པོའི་བཙོན་དུ་བཞུགས་ན་ཡང༌།། ཕལ་པའི་སྐྱེ་བོ་དལ་བས་མི་མཚོན་པར།། གསུང་རབ་ཀུན་གྱི་མན་ངག་འུབ་གཅིག་གིས།། ཉམས་འོག་བསྡུས་པའི་ཚུལ་འདིར་སུ་ཡིས་འགྲན།། ཞེས་པ་ནི་དར་མདོ་ལྔ་མཆོད་དགོན་པའི་བཙོན་དུ་བཞུགས་རིང་གི་རྣམ་པར་ཐར་པ་ལས་བརྩམ་པའི་ཡ་ང་བའི་བྱུང་བ་རྣམས་མངོན་བརྗོད་དང་སྙན་ངག་གིས་མ་བཅིངས་པར་གོ་བདེ་བའི་ལུགས་སུ་བྱས་པའི་བར་སྐབས་ཀྱི་ངལ་བསོ་བའི་ཚིགས་སུ་བཅད་པའོ།། །།

༣ ས་ཞབས་དགོན་པ་བཙུགས་ནས་བསྟན་འགྲོ་ལ་སྨོན་པའི་ཞབས་རིམ་རྒྱ་ཆེར་མཛད་ཚུལ།

རྒྱལ་ཀུན་བརྩེ་ཆེན་ཟླ་བ་ཞུན་མའི་ཁམས།། མཐའ་དག་མི་སྲུན་བདུད་དཔུང་འཇོམས་པའི་འཕྲུལ།། དབང་གི་མདོག་ཅན་རྟ་མཆོག་རོལ་བའི་རྩལ།། འདབ་བརྒྱད་སྙིང་གི་དྷི་ཏིའི་དབུས་ན་བཞུགས།། དགུང་ལོ་སོ་གསུམ་པ་རབ་བྱུང་བཅུ་དྲུག་པའི་སྟག་༡༩༦༡ལོར་རེ་ཞིག་བཙོན་གྲོལ་ལྟ་བུས་རང་ཡུལ་དུ་འགྲོ་ཆོག་པའི་བཅད་ཁྲ་དང་བཀའ་འཁྲོལ་བྱུང༌། དེ་སྔོན་བཙོན་ཁང་དེའི་ནང་བཙོན་པ་སྟོང་ཕྲག་ལྷག་ཡོད་པ་མ་ཟད་ད་དུང་བཙོན་པ་མང་པོ་ཤི་རིམ་བཞིན་བཙོན་སྣོན་མང་པོ་བྱས་པ་རྣམས་བསོྡམས་ན་སྟོང་ཕྲག་གསུམ་བཞི་ལྷག་ཡོད་ངེས་ཀྱང་ཕལ་ཆེ་བ་ཤི་སྐྱོན་བྱུང་བས་བཙོན་གྲོལ་སྐབས་ཧ་ལོ་མི་གྲངས་བརྒྱ་ལྷག་ལས་མི་འདུག་གསུངས། རྗེ་བླ་མ་ཉིད་འབོམ་ནད་དང་ཡུན་རིང་བསྡད་སྐྱོན་འབྱར་ནས་ཕེབས་མི་ཐུབ་སྟབས། བཙོན་གྲོགས་དཀར་མཛེས་སྔགས་རམས་པ་བློ་བཟང་ཆོས་རྒྱལ་ལགས་ཀྱིས་རོགས་སྐྱོར་གྱིས་འགྲུལ་འཁོར་ནང་དུ་འཛུལ། དེ་སྐབས་གསོལ་གྲོད་གཤལ་སྐྱུགས་ཀྱི་སྙུན་གཞི་ཚབས་ཆེ་ཞིག་བཞེངས་བཞིན་པ་ཡིན་པས། མོ་ཊའི་སྒེའུ་ཁུངས་ནས་བསྐྱུགས། འགྲམ་དུ་བསྡད་པའི་རྒྱ་མི་ཞིག་གིས་མཐོང་ནས་རྒྱུ་རྐྱེན་དྲིས་ལན་དུ། གཤལ་སྐྱུགས་ཀྱི་ནད་གཞི་ཡོད་ལུགས་གསུངས་པས། རྒྱ་མི་དེས་ཁུག་མའི་ནང་ནས་འདི་བཏུང་དང་ཁ་ཐུག་དྲག་གི་རེད་ཟེར་ནས་ཤེལ་དམ་ཞིག་བཏོན་བྱུང་བ་ལྟར་ཧུབ་གང་བཏུང་བས་མུད་པ་ནས་མེ་འབར་བ་ལྟར་སོང༌། དེ་ནས་བཟུང་གཤལ་སྐྱུགས་ཀྱི་ནད་གཞི་དེ་གཏིང་ཆད་དུ་སོང༌། རྗེས་མར་ལྟ་དུས་དེ་ཨ་རག་ཡིན་པ་འདྲ་གསུངས། དར་རྩེ་མདོ་ནས་རིམ་པར་བཞིན་རྟའུ། བྲག་མགོ བྲེ་བོ་བཅས་བརྒལ་ནས་དཀར་མཛེས་རྫོང་ཁུལ་དུ་སླེབས་པ་དང་མོ་ཊ་ནང་ནས་ཕྱིར་བབས་རྗེས་ཞབས་ཐང་ལ་ཕེབས་མི་ཐུབ་པས་སྔགས་རམས་པ་བློ་བཟང་ཆོས་རྒྱལ་ལགས་ཀྱིས། ཐེ་ཀེ་ལག་སྐྱོར་འཁོར་ལོ་ཞིག་གླས་ནས་བྱུང་བའི་ནང་དུ་བཞུགས། སྔགས་རམས་ཆོས་རྒྱལ་ཀྱི་ནང་ཁྱིམ་དུ་ཕེབས། ཁོང་གིས་ཁྱིམ་མི་ཚོས་ཁོང་གཉིས་ལ་ཤི་གསོན་འཕྲོད་པ་ལྟ་བུའི་དགའ་ཚོར་ཆེན་པོ་ཞུས་ནས་ཁང་པའི་སྦུག་ཅིག་ཏུ་བཞུགས་སུ་བཅུག ཅུང་ཟད་སོང་རྗེས་སྔོ་ཚལ་བཙོས་མ་ཉུང་ཉུང་རེ་ཕུལ་བྱུང་ཞིང་གང་འཚམས་ཤིག་ནས་སྔགས་རམས་ཆོས་རྒྱལ་ནང་མི་དང་མཉམ་གསུང་གླེང་འགའ་ཞིག་གནང་རྗེས་ཕྱིར་ཕེབས་ནས་དར་མདོ་བཙོན་ཁང་ལས་དཀར་མཛེས་ཡུལ་མི་ཚོ་ཟ་རྒྱུ་དཀོན་པ་འདུག ལུང་པར་མུ་གེ་ཤར་ནས་རྩམ་པ་མཐོང་རྒྱུ་མེད་པར་རྩྭ་ལྡུམ་དང་སྔོ་རིགས་མི་ཟ་ཀ་མེད་རེད་ཡོད་འདུག ད་གང་དྲག་གསུང་ནས་གླེང་མོལ་གནང་བཞིན་པའི་སྐབས་ཕོ་གསར་སྣམ་རས་དཀར་པོ་གོན་མཁན་ཞིག་གི་རྟ་ཞིག་འཁྲིད་ནས་ཁོང་ཚོའི་སྒོ་རྩར་སླེབས་པ་དེས་ཕེབས་བསུ་ཞུས་ནས་ཀླུ་སྦྱིན་ལ་ཕེབས། ཕོ་གསར་དེ་རྗེ་དམ་པའི་སྲིང་མོའི་གོ་མག་ད་ལྟར་ཞལ་བཞུགས་ཡོད་པ་བྱམས་པ་རྒྱལ་མཚན་ཞུ་བ་ཁོང་ཡིན་འདུག སྲིབ་ངོ་ཆུ་འདབས་སླེབས་པ་དང་སྐུའི་སྲིང་མོ་ཨ་ལྕག་མགོ་ལུ་སོགས་ནང་མི་དང༌། ཀླུ་སྦྱིན་གྲོང་མི་ཚོ་ཇ་ཐུག་སྐོལ་ནས་ཕེབས་སྒུགས་ཞུས་པར་མ་ཟད། རྩམ་པ་དང་བག་ལེབ་ག་ཚད་ཟ་ཟ་ཡོད་པས་དཀར་མཛེས་ཁུལ་དུ་མུ་གེ་ཤར་བཞིན་དུ་ཀླུ་སྦྱིན་གྲོང་པར་ཟ་ཆས་འདི་འདྲ་འབེལ་པོ་ག་འདྲ་བྱས་ནས་བྱུང་བ་ཡིན་ནམ་དགོངས། འོན་ཀྱང་རྒྱུན་རིང་གསོལ་ཆས་ཡག་པོ་མེད་སྟབས་རྒྱུ་མ་འབྱར་ནས་ཡོད་པས་ཁ་ཐུག་གསོལ་ཆས་མང་པོ་དང་མཁྲེགས་པོ་མཆོད་ན་སྙུན་གཞི་མ་ཟད་གྲོངས་རྐྱེན་ཡང་འབྱུང་སྲིད་པ་ལྟར། ཐོག་མར་རྩམ་ཐང་སླ་པོ་ཉུང་ཟད་རེ་བཏུང་བས་གནམ་ས་ཡོངས་རྫོགས་ཀྱི་རང་མདངས་སྔོན་མ་ནང་བཞིན་གཟིགས། དེ་ནས་རིམ་བཞིན་ཀླུ་སྦྱིན་གྲོང་དུ་སླེབས་ནས་ཡབ་དང་ཡུམ་སོགས་ནང་མི་དང་མཇལ་འཕྲོད་གནང༌། གྲོང་པ་ཕན་ཚུན་ཀྱི་ཡུལ་མི་རྣམས་འཚང་ཀ་བྱས་ནས་མཇལ་ཁ་དང་མཚམས་འདྲིར་བཅར། བདུན་ཕྲག་གཉིས་གསུམ་རིང་མ་ཡུམ་གྱིས་རྩམ་ཐུག་སླ་པོ་རེ་སྐོལ་བ་དེ་ཉིད་བཞེས་པ་ལས་གསོལ་ཆས་མཁྲེགས་པོའི་རིགས་མ་མཆོད་པར་བཞུགས། དེ་སྔོན་དཀར་མཛེས་ཁུལ་འདིར་ཁང་གསར་དང༌། མ་ཟུར། བེ་རི། བྲེ་བོ། བྲག་མགོ་སྟེ་ཧོར་སེར་ད་ར་ཁག་ལྔར་གྲགས་པ་དང་དེའི་ནང་ནས་ཀླུ་སྦྱིན་གྲོང་པ་འདི་ཉིད་མ་ཟུར་ཚང་གི་ཁོངས་ཡིན་ཡང༌། ད་ནི་ད་ར་ཁག་ལྔ་དང༌། འབའ་ལི་རྒྱལ་གསུམ། རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད། ཉག་རོང༌། སྡེ་དགེ གླིང་ཚང༌། སྡེ་རོང༌། གསེར་ཐར་སོགས་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞེས་དང༌། ཁང་གསར་མ་ཟུར་བེ་རི་རོང་པ་ཚ། སྟོང་འཁོར་སོགས་ལ་དཀར་མཛེས་རྫོང་ཞེས་པའི་མིང་དང་སྡེ་ཚན་གཏན་འབེབས་ཐོག དེ་ལ་ནང་ཁུལ་ཆུས་ཁག་བཞིར་ཕྱེས་པས་ལྷོ་པ་ཆུས། དེ་ལ་ནང་གསེས་ཞང་ཁག་བཞིར་བྱས་པའི་སྲིབ་ངོ་ཤང་གི་ཁོངས་སུ་བྱས། དེའི་ནང་ཚན་ཀླུ་སྦྱྀན་དང་འབྲུ་མངའ། མ་མེས་གྲོང༌། རྫོང་ཀླུ་ནང༌། བོན་དགོན་བཅས་གྲོང་སྡེ་ལྔ་ལ་རུ་ཁག་གསུམ་པའི་མིང་བཏགས་འདུག་པ་དེ་སྔོན་མཐོང་ཐོས་གོམས་མྱངས་མེད་པའི་སྡེ་ཚན་དབྱེ་སྟངས་ཐོག ངལ་རྩོལ་མཉམ་ལས་སུ་བསྒྱུར་འདུག་པ་རྣམས་རེ་ཞིག་བློ་ཡུལ་ལ་མི་ཤོང་པ་ལྟར་བུའི་ཡ་མཚན་སྐྱེས། དེ་སྔོན་གྲྭ་སར་མ་ཕེབས་པའི་སྔོན་ལ་འཁྲུངས་ཁྱིམ་མཎྜལ་ཐང་འདབས་སུ་ཡོད་ཀྱང༌། གུང་ཁྲན་ཏང་གིས་མཎྜལ་ཐང་སྟེང་གནམ་གྲུ་འབབ་ཐང་བཟོས་ནས་ཀླུ་སྦྱི་གྲོང་པ་རྫོང་ཀླུ་ནང་པའི་ཉེ་འདབས་སུ་སྤོ་དགོས་བྱུང་འདུག་པ་སོགས་ཀྱིས་རེ་ཞིག་ས་ངོ་ཆུ་ངོ་ཡང་མི་འཕྲོད་པ་ལྟ་བུར་གྱུར། གནམ་འོག་མུ་གེས་ན་བུན་འཐིབས་ཀྱང་རུ་ཁག་འདི་ཉིད་ལ་ཟ་འཐུང་འབེལ་འབེལ་ལྷུག་ལྷུག་ཡོད་པ་དང༌། ཆོས་དང་དགེ་རྩ་གང་ནུས་བྱས་ཀྱང་འགོག་རྐྱེན་བཟོ་མཁན་མེད་པ་སོགས་ཁོར་ཡུག་དེར་ལྷིངས་འཇགས་ངང་གནས་འདུག དེ་ནི་གྲོང་པའི་མི་ཡོངས་རྫོགས་ཁ་ཁོག་གཅིག་ཐུན་དང་རྡོག་རྩ་ཆིག་སྒྲིལ་བྱས་པས་རྫོང་དང་ས་ཁུལ་སྲིད་གཞུང་གིས་གྲོང་སྡེའི་གསང་བ་ཤེས་རྟོགས་མི་ཐུབ་སྟབས་མཉམ་ལས་ཀྱི་ཡོངས་འབབ་སྒེར་པ་དང་སྲིད་གཞུང་གཉིས་ཀར་མ་དག་པར་གྲོང་སྡེ་མི་དམངས་གཅིག་མཐུན་ཀྱིས་བེད་སྤྱོད་དང༌། སྲིད་གཞུང་ལ་འབྲུ་ཁྲལ་འཇལ་རྒྱུའི་ཐད་གྲོང་པའི་མགོ་དམངས་ཡོངས་རྫོགས་ཁ་མཐུན་པའི་བཀའ་དྲིན་ལས་སྟོན་ཐོག་མ་བྱུང་བའི་འགྲེལ་བཤད་རྒྱབ་ནས་ཉུང་ཟད་ཙམ་རེ་མཇལ་བས་འཐུས་པ་བྱས་སྟབས། མུ་གེའི་འཇིགས་པ་མ་བྱུང་པ་ཡིན་འདུག འོན་ཀྱང་མི་དམངས་གཅིག་མཐུན་གྱི་ནུས་པ་དེ་ཉིད་དུས་ནམ་ཞིག་ལ་རྫོགས་མིན་གྱི་གདེང་ཚད་མེད་པས་ཡུལ་མི་ཚོ་བློ་བག་ཕེབས་པོ་མེད་པ་ནི་སྨྲས་ག་ལ་དགོས། སྟབས་ལེགས་པ་ཞིག་ལ་རྗེ་དམ་པ་འདི་ཉིད་བཙོན་གྲོལ་བྱུང་བ་དང་གྲོང་ཚོ་འདིའི་ནང་འབྲི་མངའ་དགེ་བཤེས་ངག་དབང་ཡོན་ཏན་དང་འབྲོག་ཞིང་དགེ་བཤེས་ཀླུ་ཆུང་གཉིས་སྐབས་འགར་གདན་འདྲེན་ཞུས་ཐོག རྗེ་འདི་ཉིད་ཀྱིས་དབུ་འཁྲིད་གནང་ནས་གྲོང་པའི་ནང་ཡོད་གྲྭ་པ་ཀུན་བསྡུ་རུག་གིས་གེགས་སེལ་བོགས་འབྱིན་དང་བསྟན་སྲིད་ཞབས་རིམ་ཀྱི་སྒྲིག་འཛུགས་བྱས། རྗེ་དམ་པ་གསུམ་གྱིས་གཙོ་སྐྱོང་ཐོག་གྲོང་པའི་གྲྭ་མང་མཉམ་འཛོམས་ཀྱིས་རྒྱུན་ལྡན་ལྟར་ཞབས་རིམ་རླབས་ཆེན་སྒྲུབ། དེ་ཡང་ཐོག་མར་ཧོར་ཕྲུག་ལྷ་འོད་ལྡན་དཀར་པོ་རྫོང་ཀླུ་ནང་ཨ་ཕ་རྒྱལ་ལུ་ལ་སྐུ་ཐོག་ཕེབས་ཀྱིས་བསྟན་སྲིད་ཞབས་རིམ་འདི་འདྲ་གནང་ན་ཡུལ་མིའི་མུ་གེ་དང་བསྟན་སྲིད་གད་ཆགས་གཉིས་ཀར་ཕན་ཚུན་གསུང་པར་གཞིར་བཅས། དེའི་ཆ་རྐྱེན་དང་པོ་ཡུལ་མིའི་དམ་ཚིག་གཙང་མ་དགོས་པ་བཞིན་ཐོག་མར་ཡུལ་མི་ཚོ་སྔར་བཞིན་དམ་ཚིག་ཆིག་སྒྲིལ་ཀྱིས་ནང་གི་གསང་བ་ཆེ་ཕྲ་མཐའ་དག་གསང་བ་ཕྱི་འཆལ་མི་བྱེད་པ་དང་ནང་ཁུལ་རྐུན་ཇག་འཕྲོག་གསུམ་མི་བྱེད་པ། ཟས་གོས་ཀྱིས་མཐའ་བརྟེན་པའི་འབྱོར་པ་ཆེ་ཕྲ་གང་ཞིག་རེག་ཀྱང་སྤྱི་འཇོག་ལས་སྒེར་ཉར་མི་བྱེད་པ་བཅས་ཀྱྀ་ཆེད་ཡི་དམ་རྒྱལ་བ་སྲས་བཅས་དཔང་པོར་བཙུགས་ནས་གནའ་གན་མཐུ་བོ་ཆེ་བཞག ཡུལ་མི་ཚོས་གནའ་གན་གཞིར་བཟུང་གིས་ལས་འབྲས་དང་མཐུན་པའི་བྱ་བ་ལས་མི་འགོང་པ་བྱེད་ཅིང༌། ཤར་ཕྱོགས་དགྲ་ལྷ་ཡང་ཡང་སྐུ་ཕེབས་ཁོག་ཞུགས་ཀྱིས་བོད་སྤྱིའི་བསྟན་སྲིད་གེགས་སེལ་བོགས་འབྱིན་དང་སྒོས་སུ་འབྲི་མངའ་གྲོང་པ་མུ་གེ་བསྐལ་བ་ལས་གྲོལ་བའི་ཆེད་མ་གཏོགས། བྱ་བ་མ་རུང་བ་སུ་ཞིག་གིས་བརྩམས་ནའང་གཟུགས་མེད་ཀྱི་ལྷ་འདྲེ་ངས་ཡན་པོ་མི་འཇོག་ཐག་གཅོད་ཡིན་ཞེས་ཡང་ཡང་གསུངས་པར་མ་ཟད་སྐབས་ཤིག་ཀླུ་སྦྱིན་བའི་ཕོ་གསར་ཞིག་གིས་ར་ཞིག་བརྐུས་ནས་ལྐོག་བསད་ལྐོག་ཟོས་བྱས་རྩིས་སྐབས། དགྲ་ལྷ་ཁོག་ཞུགས་ཀྱིས་མིའི་མིང་དང་བྱ་བ་གང་ཞིག་བྱས་ཚུལ་བཅས་པ་གསལ་གསལ་རྗེན་རྗེན་དུ་གསུངས་ནས་སྔ་འགྱོད་ཕྱིར་སྡོམ་བྱས་ནས་སྤྱི་པར་རྩིས་སྤྲོད་བྱེད་བཅུག་པ་དང༌། དེ་བཞིན་མཉམ་ལས་ཀྱི་འབྲུ་རིགས་སོགས་སྒེར་ཁྱིམ་དུ་ཉུང་ཟད་ཙམ་རེ་སྐུངས་སྦས་བྱས་རིགས་ཚུན་ཆད་གསལ་བརྗེན་དུ་གསུངས་པ་ལ་བརྟེན་ནས་གྲོང་མི་ཚོས་ཚུལ་མིན་གྱི་བྱ་བ་ཟུར་ཙམ་ཡང་བྱེད་མི་ནུས་པ་སོགས་རང་བཞིན་གྱིས་ཁྲིམས་སྒྲིག་གང་ལེགས་བྱུང༌། ཕྱིའི་ཆ་རྐྱེན་ལེགས་གྲུབ་ཀྱི་ཐོག་བསྟན་སྲིད་ཞབས་རིམ་གང་ཞིག་བྱས་པ་རྣམས་ལས་གསུང་སྒྲོས་དང་སྒྲ་ཐག་ཏུ་ཡོད་པ་ཁག་ཞིབ་ཙམ་འགོད་ན། དེ་ཡང་གླང་༡༩༦༡ལོ་ནས་མེ་སྦྲུལ་༡༩༦༥ ལོའི་བར་མི་ལོ་ཧྲིལ་པོ་ལྔའི་རིང༌། རྒྱུན་ལྡན་ཚེས་པ་བཅོ་ལྔ་དང་གནམ་སྟོང་གང་ཤར་ལ་བཀྲ་ཤིས་གསོ་སྦྱངས་ཆགས་མེད་ཚོགས། དེའི་རིང་ཟབ་ལམ་བླ་མ་མཆོད་པའི་ཚོགས་མཆོད་འབུམ་ཕྲག རྟ་མགྲིན་ཚོགས་མཆོད་འབུམ་ཕྲག རྟ་མགྲིན་དྲག་བསྲེགས་འབུམ་ཕྲག་གསུམ། རྟ་མགྲིན་ཟློག་པ་འབུམ་ཕྲག རྟ་མགྲིན་གསང་སྔགས་འབུམ་ཕྲག རྟ་མགྲིན་གཟུངས་ཆེན་དང་གསང་ཚིག་འབུམ་ཕྲག ལྷ་མོ་དང་སྐུ་ལྔ། ཤར་ཕྱོགས་དགྲ་ལྷ་བཅསཀྱི་གསོལ་ཀ་ཆད་མེད་དང་བསྐང་བཤགས་འབུམ་ཕྲག ལྕགས་མཁར་ཐེངས་མང་བཅས་ཚོགས་ཤིང་ལྕགས་མཁར་གཏོར་བརྫངས་སྐབས་གཏོར་མའི་རྩེ་ནས་མེ་ལྕེ་མཆེད་པ་དང་ལྷོ་ངོས་གྲུ་གསུམ་བྲག་རྩེ་ནས་དགུན་དུས་ཡིན་ཡང་ནམ་མཁའ་ནས་གློག་ཞགས་འཁྱུག་པ་དང་འབྲུག་སྒྲ་ལྡིར་བའི་སྒྲ་ཀུན་ཀྱིས་མཐོང་ཆོས་སུ་གྱུར། ཆུ་སྟག༡༩༦༢ནས་ཤིང་འབྲུག༡༩༦༤བར་མི་ལོ་གསུམ་གྱི་རིང་བོད་ཟླ་དང་པོའི་ཚེས་གཅིག་ནས་གཉིས་པའི་ཚེས་གཅིག་བར་ཟླ་བ་གཅིག་གི་རིང་ལ་འཆགས་མེད་དུ་ཚོགས་ཤིང་དེའི་རིང་དགུང་མོ་རྫོང་ཀླུ་ནང་ནས་ལྷོ་ངོས་སུ་ཡོད་པའི་གྲུ་གསུམ་བྲག་ཅེས་ཤིན་ཏུ་མཐོ་བའི་རྫ་རི་དེའི་རྩེ་མོ་ནས་གློག་ཞགས་འཁྱུག་པ་སོགས་ཀྱི་རྟགས་མཚན་ཡ་མཚན་པ་དུ་མ་བྱུང༌། ཕྱིས་ཀྱང་རྗེ་འདི་ཉིད་ཀྱི་ཞལ་ནས་ལས་ལ་ཐུག་དུས་མོ་འགལ་ཀྱི་བུའི་རྫུ་འཕྲུལ་གྱི་དཔེ་ལྟར་གཡོལ་ས་དང་གཟུར་ས་མེད་པ་རེད་མ་གཏོགས་བླ་མ་ཡི་དམ་བྱིན་རླབས་ནུས་པ། མཁའ་འགྲོ་ཆོས་སྲུང་གི་མཐུ་སྟོབས་ནུས་པ་ནི་དངོས་གནས་དུས་ལས་གཡོལ་བ་མེད་པ་རང་རེད་འདུག་ཅེས་ཡང་ཡང་གསུང༌། ཐེངས་གཅིག་ཧོར་ཕྲུག་དགྲ་ལྷ་ཆེན་པོ་ཁོག་ཞུགས་ཀྱིས་རྗེ་བླ་མ་ཉིད་ལ་དབུ་ཞྭ་རྩེ་སྒྲོག་མ་གཅིག་དང་གདིང་བ་ཞིག དངུལ་ཀྱི་ཏྲི་ཀོར་གཅིག་བཅས་ཕུལ་ནས་གུས་ཕྱག་བཅས་དེར་ཡོད་དགེ་འདུན་རྣམས་དམ་བཅའ་ཚུགས་ནས་རྟགས་བསལ་སྒྲོ་གླེང་དགོས་ཚུལ་གསུང་དོན་ལྟར་རྟེན་འབྲེལ་ལ་དགོངས་ནས་དབུ་ཞྭ་དེ་བཞིན་དབུ་ལ་བསྣམས། གདིང་བའི་སྟེང་དུ་བཞུགས་ནས་རྟགས་བསལ་ལ་བཀའ་ལན་གནང༌། དུས་ཕྱིས་ཀླུ་སྦྱིན་ས་གནས་འདིར་སྟོད་གྲྭ་སའི་གྲྭ་ཚང་དང་འདྲ་བར་གཞུང་ཆེན་པོད་ལྔའི་རྩོད་གྲྭའི་བསྟན་པ་གསར་ཚུགས་དང་རྒྱུན་འཛིན་གྱིས་བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་ངེས་ཅན་ཐུབ་པའི་མ་འོང་ལུང་བསྟན་དང་རྟེན་འབྲེལ་ཀྱི་རྩ་བ་ཚུགས་པ་འདྲ་ཞེས་གསུངས། དེ་ཡང་ལོ་རྒྱུས་ཐོག་མདོ་ཁམས་ཤོད་བཅུའི་ནང་ཚན་ཏྲེ་ཤོད་མཎྜལ་ཐང་གི་ཡུལ་གྲུ་ཧོར་སེར་ད་ར་ཁག་ལྔའི་ཁྱོན་དུ་འཇམ་མགོན་རྒྱལ་བ་གཉིས་པའི་ལུགས་བཟང་དྲི་མ་མེད་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ལུང་རིགས་ཀྱིས་བཅད་བདར་བསྲེགས་པའི་རྩོད་གྲྭའི་ཆོས་རྭ་ཐེངས་དང་པོ་དེ་བྲག་དཀར་སྐུ་ཕྲེང་གསུམ་པ་པཎྜི་ཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱིས་ཧོར་བྲག་མགོ་ཆོས་སྒར་དུ་ཚུགས་ནས་སློབ་གཉེར་བརྒྱ་ཕྲག་དུ་མ་འདུས་པའི་ནང་ནས་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག་མཁན་ཡང་པོད་ལྔ་པ་བློ་བཟང་བསམ་གཏན་ཞེས་ཕ་ར་མཁན་ཆེན་པདྨ་རྒྱལ་མཚན་གྱི་ཡོངས་འཛིན། གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུའང་སྐད་གྲགས་ཡོད་པ་དེ་འདྲ་བྱུང་མྱོང་བ་དང་ཕྱོགས་མཚུངས་པར་ཀླུ་སྦྱིན་ཆོས་སྒར་གསར་འཛུགས་ཐོག་བཤད་སྒྲུབ་མཆོད་ཉན་གྱི་བསྟན་པའི་དར་ཆེན་བླ་ན་སྒྲེང་པ་ལ་བརྟེན་ནས་མདོ་ཁམས་དཀར་མཛེས་ཁུལ་དཀར་མཛེས་དགོན་དང་ཁང་དམར་དགོན། དེ་བཞིན་རྩིས་ཚང་དང༌། མཁར་ནང༌། ཕུ་མགོ་ བྲེ་བོ། བེ་རི། སྟོང་སྐོར། རྒྱལ་རོང༌། རོང་པ་ཚ་སོགས་ལུང་ཚན་སྟོད་སྨད་གང་ས་ནས་སྐལ་ལྡན་ལས་འཕྲོ་ཅན་གྱི་སློབ་མ་ནམ་མཁའི་སྐར་ཚོགས་དང་ས་ཁའི་རྩི་ཐོག་ལྟར་འདུས་པར་བྱང་ཆུབ་ལམ་རིམ་དང་གཞུང་ཆེན་ཁག་གི་སློབ་གཉེར་གྱི་རྩ་བ་ཚུགས་ཏེ། ཡལ་ག་གཞིས་དགོན་ཁག་དུ་མར་བརྐྱངས་ནས་ཚོགས་དང་ཆོས་གྲྭའི་ལམ་སྲོལ་བཟང་པོ་ད་ལྟའི་བར་དུ་མ་ཉམས་པར་ཡོད་པ་དང༌། དེར་མ་ཟད་རྗེས་འཛིན་སློབ་མ་དེ་དག་གི་ཁྲོད་ནས་གྲུབ་པའི་རྒྱལ་མཚན་འཛུགས་པའི་རྟོགས་ལྡན། ལུང་རིགས་རབ་འབྱམས་སྨྲ་བའི་དགེ་བཤེས། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེ། སྡེ་བཞིའི་དཔལ་གྱིས་མཐོ་བའི་དཔོན་རིགས་སོགས། མདོར་ན་ཁ་བ་གངས་ཅན་ལྗོངས་ཀྱི་བསྟན་སྲིད་གཉིས་ལ་རླབས་པོ་ཆེའི་མཛད་པ་དང་འཕྲིན་ལས་སྐྱོང་མཁན་ཡང་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་པ་འདི་དག་གི་ལུང་བསྟན་དང་རྟེན་འབྲེལ་ཉིད་དུ་དགོངས་པའང་གོ་མ་ཆག ཡང་ཐེངས་གཅིག་ཙིའུ་དམར་ར་ཁོག་ཕེབས་ཀྱིས་རང་གི་འགུལ་ན་ཡོད་པའི་དར་ཚོན་སྣ་ལྔ་དེ་ཉིད་ཚུན་བླངས་ནས་རྗེ་འདི་ཉིད་ཀྱི་དྲུང་དུ་ཕུལ་ནས་ཤིན་ཏུ་གུས་པ་ལྷུར་ལེན་པ་དང༌། ཤར་ཕྱོགས་དགྲ་ལྷ་ནི་རྒྱུན་ལྡན་ནམ་བབས་སུ་རྗེ་འདི་ཉིད་ཀྱི་སྙན་དུ་ཤབ་ཤུབ་ཀྱི་གསང་གཏམ་དམིགས་བསལ་བ་མང་པོ་བཤད་པ་དང༌། ལྷག་དོན་སྐབས་འགར་གྲོང་མི་འགའ་རེས་སྒེར་གྱི་བེད་སྤྱོད་ཆེད་དུ་ཅ་དངོས་ལྐོག་ཉར་དང་ཟ་འཐུང་ལྐོག་ཟོས་བྱས་རིགས་ཀུན་གཅིག་རྗེས་གཉིས་འཐུད་ཀྱིས་བཤད་པ་སོགས་ནི་སྤྱི་བཏང་ལྟ་བུ་ལས་དམིགས་བསལ་བ་གང་ཡང་མིན། རྟ་མགྲིན་བསྙེན་པ་གསོག་པའི་སྐབས་ཀྱི་མཚན་མོ་ཞིག་གི་གཟིམ་ལམ་དུ་རྟ་མགྲིན་ཀྱིས་ཞལ་གཟིགས་ཤིང་བར་མཚམ་ཤིག་ནས། དེ་ཉིད་ཞལ་ཐང་གི་རྣམ་པར་གྱུར་བ་ནས་ཡུན་རིང་ཞལ་གཟིགས་པ་དང་རླུང་འཚུབས་ཆེན་པོ་ཞིག་གྱིས་ཐང་ཀའི་ཞལ་ཡོལ་ཕྱོགས་གཅིག་ཏུ་བསྐྱོད་པ་ཞིག་རྨིས། ཕྱི་ཉིན་སླར་ཆོག་གྲྭ་པ་རྣམས་མུ་འཐུད་རྟ་མགྲིན་ཀྱི་རྩ་སྔགས་གསོག་བཞིན་པའི་སྐབས་ཤར་ཕྱོགས་དགྲ་ལྷ་ཁོག་ཕེབས་ཀྱིས་དགེ་རྒན་དམ་པའི་འདང་གི་རྨི་ལམ་དེ་སངས་རྒྱས་བསྟན་པ་སྤྱི་ལ་ལྟ་བ་ཡིན་གསུངས། དེ་རྗེས་རྗེ་འདི་ཉིད་རང་གི་གཟིམ་ཤག་ཏུ་བཞུགས་ཡོད་པའི་སྐབས་ལྷ་ཐོག་ཕེབས་ཀྱིས་ང་སྟོད་གངས་རིན་པོ་ཆེ་ནས་ཡོངས་པ་ཡིན་ངས་ཉིན་རེ་བཞིན་དགེ་རྒན་རིན་པོ་ཆེ་ཁྱོད་ཉིད་ལ་སྐོར་བ་ལན་གསུམ་རྒྱབ་བཞིན་ཡོད། ང་བསྟན་སྲུང་བྱ་ཁྲི་མིག་གཅིག་གམ་ཀརྨ་སྐྱབས་ཡིན། ཞེས་དང༌། ད་ནས་བཟུང་ང་རང་ཁྱོད་ལ་མེ་ཚེལ་དང་བྱ་ར་ཞུ་བར་ཡོང་ཐབས་མེད་པས་ངའི་འཕྲིན་བཅོལ་དང་གསེར་སྐྱེམས་སོགས་གང་ཡང་གསུང་མི་དགོས་ཞུས་ཞིང༌། དེ་ནས་བཟུང་ལོ་བཅུ་ལྷག་རིང་བྱ་ཁྲི་མིག་གཅིག་གིས་དངོས་དང་ཉམས་སྣང་རྨི་ལམ་སོགས་གང་ཡང་མ་བྱུང་བས་ཕལ་ཆེར་ཡུལ་བྱོལ་དུ་ཕེབས་སོང་བ་ཡིན་ངེས་སྙམ་ཞེས་གསུངས། དེ་ལྟར་རྗེ་དམ་པ་འདི་ཉིད་ཀྱིས་དབུ་ཁྲིད་པའི་འོག་ནས་འབྲུ་མངའ་གྲོང་ཚོ་ལྔ་ལ་བོད་པ་སྟོད་སྨད་དང་དཀར་མཛེས་ཉིན་སྲིབ་གང་སར་ས་འོག་ཡི་དྭགས་པྲ་ཏ་པི་རེའི་ཞིང་ཁམས་མི་ཡུལ་དུ་འཕོས་པ་ལྟ་བུའི་མུ་གེ་བསྐལ་བ་ཡ་ང་བའི་དུས་ངན་ནང་དུའང་འཚོ་ཆས་ཞན་པའི་དཀའ་སྡུག་གང་ཡང་མ་བྱུང་ཁར། རྒྱལ་ཡོངས་གང་སར་ཆོས་སྒྲ་རྣ་བར་གོ་རྒྱུ་མེད་པའི་སྐབས་འབྲེལ་ཡོད་དགེ་འདུན་རྣམས་རྒྱུན་ཚོགས་ཀྱིས་བསྟན་སྲིད་ཞབས་རིམ་རླབས་ཆེན་སྒྲུབ་བར་མ་ཟད་གྲོང་མི་གཞན་རྣམས་ཀྱིས་ཀྱང༌། མ་ཎི་དང་སིདྡྷི། དམིགས་བརྩེ་མ་སོགས་ཁྲི་ཕྲག་དང་འབུམ་ཕྲག་དུ་མ་བསགས་པ་སོགས་ཆོས་དང་འཇིག་རྟེན་གཉིས་ཀར་མི་སྨོན་རང་སྐྱིད་ཀྱི་རྫོགས་ལྡན་ལ་ཅི་དགར་སྤྱོད་ནས་མི་ལོ་བཞི་ལྷག་སོང་བ་དེའི་རིང་ཧོར་ཕྲུག་དགྲ་ལྷའི་འཕྲིན་ལས་ལ་བརྟེན་ནས་རྫོང་དང་ཆུས་ཤང་སོགས་འབྲེལ་ཡོད་རྒྱལ་ཁབ་ཀྱི་ལས་བྱེད་སུ་ཞིག་གྲོང་སྡེ་འདིའི་ནང་སླེབས་ན་ཡང་སྔར་མ་ནས་སོ་སྲུང་རེས་འཁོར་ཀྱིས་སྔ་བརྡ་གཏོང་བ་དང་སྲུང་མ་ཁོག་ཞུགས་ཀྱིས་ཛ་དྲག་སྐབས་སྐུ་བརྟེན་ལ་དུས་ཐོག་ཕེབས་པ་སོགས་ལ་བརྟེན་ནས་གྲོང་སྡེ་འདི་ཉིད་ལ་དཀའ་ངལ་གང་ཡང་བྱུང་འདུག

དགུང་ལོ་སོ་བདུན་པ་དགུང་སྐེག་ལ་འཁེལ་བ་རབ་བྱུང་བཅུ་དྲུག་པའི་ཤིང་སྦྲུལ་༡༩༦༥་ལོར་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་ཞེས་པའི་འགུལ་སྐྱོད་ཆེན་པོ་ཞིག་ཚུགས་ནས་ལུང་པ་ཆུ་ཉིན་སྲིབ་གཉིས་ཀར་མུ་གེའི་ཐོག་ལ་ཟླ་ལྷག་དང༌། འགྱེལ་པའི་སྒང་ལ་རྡོག་རྫིས། ཞེས་པའི་དཔེ་ལྟར་ལུས་ཀྱི་འཁྱགས་ལྟོགས་དང་སེམས་ཀྱི་སྡུག་བསྔལ་ཅི་ཆེར་མྱོང་དགོས་བྱུང་བའི་མུར་དེར༌། གོང་རིམ་྄གྱི་སྲིད་ཇུས་བཀོད་སྒྲིག་འོག་བོད་མི་མང་པོ་སྨྱོ་རྒྱུགས་བྱས་ནས་རྒྱའི་ལས་བྱེད་པ་ཚོའི་ལག་ཆ་ལྟ་བུར་གྱུར་པས་འགུལ་སྐྱོད་པ་རྣམས་འབྲུ་མངའ་གྲོང་དུ་ཐེངས་འགར་སླེབས་ཀྱང༌། གསང་བའི་གྲུབ་ཆ་ཙམ་ཡང་ཚད་དཔོག་མ་ཐུབ་པར་ཕྱིར་ལོག་བྱེད་དགོས་བྱུང༌། གྲོང་མི་ཚོས་རྒྱུན་ལྡན་ཤར་ཕྱོགས་དགྲ་ལྷ་ཁོག་ཞུགས་ཀྱིས་རྒྱ་མཚོའི་རླབས་བཞིན་ལུང་བསྟན་དུས་ཐོག་ཏུ་གནང་བའི་བཀའ་དྲིན་ལས་བསྟན་སྲིད་གཉིས་སྨན་གྱི་ཞབས་རིམ་རླབས་ཆེན་སྒྲུབ་ཐུབ་པ་བྱུང་བ་དང༌། ཡུལ་མི་ཚོ་ཡང་དམ་ཚིག་གཙང་མའི་བཀའ་དྲིན་ལ་བརྟེན་ནས་དཀའ་ལྟོགས་འཁྱགས་གསུམ་གྱི་འགག་འཕྲང་ནང་མ་ལྷུང་བར་ལུང་པ་ཆུས་ཁྱེར་ན་རྡོ་ལེབ་སྐོམ་པོ་ལྷག་མི་སྲིད་པ་ལྟ་བུ་ཡིན་ནའང༌། ད་བར་ཕྱི་ནང་གང་ས་ནས་གད་ཆག་གང་ཡང་མ་བྱུང་བ་འདི་ཉིད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ཚོའི་ཐུགས་རྗེ་བྱིན་རླབས་སྨོས་མེད་ཐོག ཧོར་ཕྲུག་དགྲ་ལྷ་འདི་ཉིད་ཀྱི་སུས་ཀྱང་ཟློག་ཐབས་མེད་པ་ལྟ་བུའི་མྱུར་མགྱོགས་གློག་གི་འཕྲིན་ལས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། དེ་སྔོན་བསྐལ་བཟང་དུས་བཟང་སྐབས་ཁོང་གི་སྐུ་རྟེན་དགྲ་ལྷའི་གོ་མཚོན་སྣ་དགུ་ཁྲ་སྤུང་ངེར་ཡོད་ཀྱང༌། ད་ཆར་དེ་རིགས་གོང་ལེན་ཟིན་སྟབས། ད་ནི་ང་ཚོས་མགར་བ་ཚད་ལྡན་ཞིག་ལ་བཅར་ཏེ་གསང་བའི་སྒོ་ནས་དགྲ་ལྷའི་སྐུ་རྟེན་ལ་ན་བཟའ་དང་གོ་མཚོན་གསར་པ་ངེས་པར་དུ་བཟོ་དགོས་ཀྱི་འདུག ཅེས་བགྲོས་པར་དགྲ་ལྷ་ཐོག་ཕེབས་ཀྱིས་དེ་འདྲ་རྒྱས་སྤྲོས་བྱས་ན་མི་ལེགས་ཚུལ་གསུངས་ཀྱང་མ་ཉན་པར་མདོ་ལས།

ལས་ཅན་དག་གི་ལས་རྣམས་ནི།། བསྐལ་པ་བརྒྱར་ཡང་ཆུད་མི་ཟ།། ཚོགས་ཤིང་དུས་ལ་བབ་པ་ན།། འབྲས་བུ་སྨིན་པ་ཉིད་དུ་འགྱུར།། ཞེས་པ་ལྟར་ལས་ཀྱི་རྣམ་པར་སྨིན་པ་ནི་དུས་ལ་བབ་ན་སུས་ཀྱང་བཟློག་པ་མི་ནུས་པས། དཀར་མཛེས་དམྱལ་བ་ལུང་འདབས་ཀྱི་མགར་བ་ཞིག་ལ་གསང་བའི་ཐོག་ནས་དེ་དོན་མངགས་པ་ལམ་ལྷོང་མ་བྱུང་བར་གསང་བ་ཕྱིར་གྱར་གྱིས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་འགུལ་སྐྱོད་ཆེན་པོ་དང་གསང་བ་འདི་གཉིས་ཐན་སླེབས་པ་དང་ཐལ་བ་འཕོ་བ་ལྟར་མཉམ་དུ་བྱུང༌། ཧུར་བརྩོན་པ་ཚོས་རྒྱུ་མ་ཕུད་དེད་ཀྱིས་བརྩད་བཅད་པའི་མཐའ་མཇུག་ཏུ་འབྲུ་མངའ་དགེ་བཤེས་ངག་དབང་ཡོན་ཏན་དང་རྗེ་བླ་མ་འདི་ཉིད་བཅས་དཀར་མཛེས་རྫོང་མི་དམངས་ཁྲིམས་ཁང་དུ་གྱོད་བཏུགས་བཙོན་འཇུག་ཐག་གཅོད་བྱས། གྲོང་པའི་ནང་དུ་བརྔོགས་གཤེར་ཞིབ་ཕྲ་བྱས་ཏེ་གསང་བ་ཀུན་ལྷོངས་ལ་བུད༌། རྫོང་དང་ཆུས་ཤང་བཅས་ཀྱི་ལས་བྱེད་པ་ཀུན་ཧ་ལོན་ལོན་དང་ཧོན་འཐམ་འཐམ་བྱས་ཏེ། ལོ་མང་པོ་དེ་འདྲར་གནས་ཚུལ་འདི་ཉིད་གསང་བ་དམ་སྒྲགས་དེ་འདྲ་ག་འདྲ་བྱས་ནས་ཉར་ཐུབ་པ་རེད། ལྷག་པར་ད་ལྟའི་ཆར་ཏང་གི་ཡང་དག་པའི་དབུ་ཁྲིད་ཐོག་ས་སྟེང་འདི་ན་ཆོས་ལུགས་རྨོངས་དད་པའི་རེ་སྟོང་བཅོལ་ས་དགོན་སྡེ་གཅིག་ཀྱང་མེད་པར་བཅོས་བསྒྱུར་བྱས་ཚར་བས་ཁྱེད་ཚོས་ཚོགས་དང་སྒྲུབ་མཆོད་ཚུགས་པའི་དགོན་པ་འདིར་ས་ཞབས་དགོན་པ་འདོགས་རྒྱུ་ཡིན་ཞེས་ཁ་རྡུང་ཡང་ཡང་བཏང་བ་ལ་བརྟེན་ནས་དུས་ཕྱིས་འདི་ལ་ས་ཞབས་དགོན་པ་ཞེས་པའི་མིང་དེ་ཡོངས་གྲགས་ལྟ་བུར་གྱུར། དགེ་རྒན་དམ་པ་ཁོང་གཉིས་གསང་བ་འདིའི་ནད་ཀྱི་འབྱུང་ཁུངས་དང་གདན་གྱི་སྣ་འདྲེན་ལྟ་བུའི་ཕུགས་རྩ་གཏེ་བོ་དེ་ངོས་འཛིན་གྱིས་ནག་ཅན་བཙོན་པའི་གྲས་སུ་རྩིས་ནས་དཀར་མཛེས་མི་དམངས་ཁྲིམས་ཁང་ནས་ཐག་གཅོད་ཀྱིས་གཅོད་ཁྲ་འབྱོར་དོན་བཞིན། བཙོན་ཁང་ནང་ལོ་གཅིག་ལྷག་ཙམ་བཞུགས་དགོས་བྱུང༌། བཙོན་ཁང་དུ་བསྡད་པའི་རིང་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང༌། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས་འབྱུང་བ་ལྟར་གྱི་སྐྱབས་འགྲོ་ལ་བརྩོན་པ་དང་ལས་དགེ་སྡིག་གཉིས་ཀྱི་རྗེས་སུ་འབྲངས་པ་ཁོ་ནར་དགོངས་ཏེ། དེ་ཡང་བཀའ་བདམས་གོང་མ་ཚོས། བསྟོད་ན་མི་དགའ་བསོད་ནམས་ཉམས་བྱེད་སྒོམས། ། སྨད་ན་མི་ཁྲོ་སྡིག་པའི་ཕྱགས་མར་སྒོམས།། ཞེས་དང༌། བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་བ་རྡོ་རྗེ་སེང་གེའི་བློ་སྦྱོང་ཚིགས་བརྒྱད་མ་ལས་འབྱུང་བ་ལྟར། སྡུག་བསྔལ་དང་ལེན་གྱི་བཟོད་པ་དང་བདག་གཞན་ཉམས་བརྗེ་དང་བཏང་ལེན་གྱི་དམིགས་རྣམ་སྦྱངས་པར་རྩེ་གཅིག་ཏུ་འབད་པ་དང༌། བླ་མ་དང་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ངོ་བོ་དབྱེར་མེད་དུ་སྒོམ་ནས་རྒྱུན་དུ་དགའ་ལྡན་ལྷ་བརྒྱ་མའི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་དམིགས་བརྩེ་མ་བགྲངས་བཞིན་དམིགས་རྣམ་སྦྱངས་པས། མཚན་མོ་ཞིག་གི་རྨི་ལམ་དུ་བཙོན་ཁང་དེའི་ནང་མཆོད་སྒྲོམ་བཀོད་པ་ཤིན་ཏུ་ལེགས་པ་ཞིག་གི་ནང་དུ་ན་བཟའ་ཆོས་གོས་རྣམ་གསུམ་བསྣབས་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་འོད་ལྷམ་མེ་བ་གསུམ་བཞུགས་པ་མཇལ་མ་ཐག རྗེ་ཡབ་སྲས་ཀྱི་གསང་བ་གསུམ་གྱི་ཡོན་ཏན་དང་འཕྲིན་ལས་བཀའ་དྲིན་བཅས་དྲན་ནས་དད་པས་ཡིད་གདུང་བཞིན་མིག་ཆུ་དང་བཅས་ཕྱག་གཉིས་ཐལ་མོ་སྦྱར། གུས་པ་ཆེན་པོའི་སྒོ་ནས་སྐྱབས་འགྲོ་དང་འབྲེལ། རྗེའི་སྐུ་བརྙན་དེའི་དབུ་ཐོད་ལ་ཐོད་པ་གཏུགས་པ་དང༌། རྗེ་ཙོང་ཁ་པས་མར་དབུ་ཐོད་ཐུག་པར་གནང་ནས་དགྱེས་ཤིང་འཛུམ་པའི་རྣམ་པར་མཛད་བྱུང་བས་བཙོན་ཁང་ནང་ཡོངས་རྫོགས་འོད་ཟེར་གྱིས་ཉིན་མོ་ལྟར་གསལ་བར་གྱུར། རྗེ་བླ་མ་ཉིད་དགའ་སྐྱོ་འདྲེས་མས་སྐུའི་བ་སྤུ་ཡང་གཡོ་ཤིང་ལུས་ཀྱི་ཆ་ཀུན་གྲང་སེང་ངེ་བ་ཞིག་བྱས་བྱུང་བ་དང་མཉམ་དུ་གནལ་སད། ད་དུང་བཙོན་ཁང་དེ་ཉིད་འོད་ཟེར་གྱིས་ཉིན་མོ་ལྟར་གསལ་པོ་བསྡད་འདུག་པ་རིམ་བཞིན་ཡལ་ནས་མུན་པར་གྱུར་སོང་བས་གཞི་ནས་མཚན་མོ་ཡིན་པ་ཚོར། དེ་ནས་མི་རིང་བར་ལྷ་བླའི་བྱིན་རླབས་དང་འཕྲིན་ལས་ལ་བརྟེན་ནས་བཙོན་གྲོལ་བྱུང་བ་དང༌། འཁྲུངས་ཁྱིམ་དུ་ཕྱིར་ཕེབས་ནས་ཀྱང་ཉིན་ཞག་འཕྲུག་གཅིག་གི་ཉམས་སུ་ལེན་པའི་རིམ་པ་རྣམས་ཡུལ་དུས་གནས་བབ་ཇི་འདྲ་ཞིག་གི་འོག་ཏུའང་བློས་མ་བཏང་བར་རྒྱུན་ཆགས་སུ་མཛད། ས་དང་གནམ་གཉིས་ཐུག་པའི་ས་མཐའ་ནས།། ས་དབང་ཆེན་མོས་ས་རྟགས་བཀོད་ནས་བཟུང༌།། ས་ཡ་དྲུག་གི་ས་ཁྱོན་ཟླུམ་པོའི་ཁྱོན།། ས་ཟོན་འབུ་བཞིན་ས་འོག་ནུར་མགོ་ཚུགས།། ས་སྐྱོང་མི་དབང་ས་ལཱའི་ནགས་སུ་གྱར།། ས་ཡ་དྲུག་གི་ས་ཁྱོན་མུན་པས་བསྟིམས།། ས་སྲུངས་ཐལ་དཀར་ས་མཐའི་འདམ་དུ་བྱིངས།། ས་སྟེང་འདི་ནི་ས་འོག་དམྱལ་ཁམས་བཞིན།། ས་འདིའི་བདག་པོ་ས་གཞན་གཤེགས་ནས་བཟུང༌།། ས་ཞིང་ནང་དུ་ས་བོན་བཏབ་ན་ཡང༌།། ས་གཞི་ཕལ་ཆེར་ས་བདག་ལག་སྟོང་གིས།། ས་ཟད་ཡུལ་བུད་བྱས་པས་ས་སྟོང་ཆགས།། ས་ཡི་སྟོད་སྨད་གང་དུ་ཕྱིན་ན་ཡང༌།། ས་ཞིང་སྟོན་འབྲས་སྟོང་པའི་མུ་གེ་ཡིས།། ས་ཡ་དྲུག་གི་བོད་འབངས་གནར་བའི་ཚུལ།། ས་ཐོབ་སེམས་དཔས་གསན་ན་སྙིང་རྗེའི་ཡུལ།། ས་ལ་འབྲུ་དྲུག་སྙེ་མ་སྨིན་ན་ཡང༌།། ས་མཚམས་རྒྱལ་པོར་བུད་ལོན་སྤྲོད་ནས་བཟུང༌།། ས་ཡ་དྲུག་གི་བོད་འབངས་ཕལ་ཆེ་བ།། ས་འོག་བང་སོའི་འགྲམ་དུ་རྣམ་ཤེས་འཁྱམས།། ས་སྐྱོང་དམར་པོའི་དར་ཡུག་གཡོ་བའི་གསེབ།། ས་འབུ་ནག་རིལ་འདྲ་བའི་ཋི་བྷོ་ཏ།། ས་འོག་མུན་པའི་གླིང་ནས་འཆི་ལམ་དུ།། ས་ཟད་གཡང་ཁར་འགྲིམས་པའི་རི་དྭགས་བཞིན།། ས་གཞི་ཕལ་ཆེར་མུ་གེས་གནར་ན་ཡང༌།། ས་ཁུག་འདི་ཉིད་ལྟོ་གོས་ལྷུན་གྲུབ་པ།། ས་ཐོབ་སེམས་དཔའ་ཁྱོད་ཀྱི་བཀའ་དྲིན་ལས།། ས་གནས་དཔའ་བོ་གཞན་གྱི་ཐུགས་བསྐྱེད་མིན།། ས་གནས་སེམས་དཔའ་ཁྱོད་ཀྱི་ཐུགས་བསྐྱེད་མཐུས།། ས་ཁུག་ལུང་ཁུག་གྲོང་པ་འདི་དག་ཀུན།། ས་འོག་བང་སོ་བརྩིགས་དགོས་མ་བྱུང་བར།། ས་སྟེང་མི་ཡི་གྲལ་དུ་འཚོ་ཙམ་བྱུང༌།། ས་འདིར་བདེ་སྐྱིད་སྣང་བ་འཆར་བ་དང༌།། ས་ལམ་ལུང་རྟོགས་བསྟན་པ་རྒྱས་པའི་སླད།། ས་བདག་རྒྱལ་ཁྲིམས་བཙན་པོའི་ལྐོག་ནས་ཀྱང༌།། ས་ཞབས་དགོན་པ་བཙུགས་པའི་རླབས་ཆེན་འཕྲུལ།། ས་མཐོའི་དཔའ་བོ་གཞན་གྱིས་འགྲན་བཟོད་མིན།། ས་ཡི་འཁོར་ལོ་ལྗོན་པའི་ཤིང་རྟ་ཅན།། ས་གཞི་སྐྱོང་བའི་སྤྱན་སྟོང་གཡོ་བའི་འཕྲུལ།། ས་ཆེན་འགྲམ་པའི་ཐིག་ལེ་ཡངས་པོའི་ཆེད།། ས་བཞིན་བརྟན་པའི་རིམ་གྲོ་རྒྱ་ཆེར་བསྒྲུབས།། ས་མཐོའི་སྐོར་གསུམ་སྒང་དྲུག་རུ་བཞིའི་ཁམས།། ས་སྤྱོད་ཕྱག་སྟོང་ཕྱག་གི་ཕྱག་མཚན་དུ།། ས་ལེ་སྦྲམ་དང་ཕ་ལམ་དཀར་པོ་ཟུང༌།། ས་འཛིན་ཉི་ཟླས་བརྒྱན་པ་ཇི་བཞིན་བཏེགས།། ས་ལྟར་མི་ཤིགས་བརྟན་པོའི་དམ་བཅའ་ལས།། ས་བརྟོལ་ལྗོན་པ་དངོས་ཀྱིས་མི་མཚོན་པའི།། ས་ཞབས་དགོན་པའི་དཔག་བསམ་ཡོངས་འདུའི་ཚལ།། ས་འདིར་སྨིན་པས་དགེ་ལེགས་འདོད་རྒུ་འཇོ།། ས་འོག་གཤིན་རྗེའི་སྡེ་དཔོན་ཆོས་ཀྱི་རྒྱལ།། ས་རཱ་སྭ་སྟི་ཁྲོས་པའི་དམག་ཟོར་མ།། ས྄་སྐྱོང་དྲག་པོའི་སྐུ་གཞེངས་དགྲ་ལྷ་སོགས།། ས་འདི་སྐྱོང་པའི་འཕྲིན་ལས་གཉན་པོར་བཏོད།། ས་བཅུའི་དབྱིངས་ནས་བདེ་བར་གཤེགས་པ་དང༌།། ས་ལ་གནས་པའི་རྒྱལ་སྲས་དཔའ་བོ་ཚོ།། ས་འདིའི་འགྲོ་བའི་སྡུག་བསྔལ་སྐྱོབ་པ་ལ།། ས་ཐོབ་སེམས་དཔའ་ཁྱོད་ཀྱི་འགྲན་ཟླ་མིན།། ས་ལྟར་བརྟན་པོའི་སེམས་བསྐྱེད་ནས་བཟུང་སྟེ།། ས་བཅུའི་དབང་ཕྱུག་བར་གྱི་སེམས་དཔའི་ཁྲོད།། ས་མོས་ཚལ་ན་ཨུ་དུམྦཱ་ར་དང༌།། ས་ལཱའི་ནགས་ན་ས་བརྟོལ་ཇི་བཞིན་མཛེས།། ཞེས་པ་ཡང་ས་ཞབས་དགོན་པ་ཇི་ལྟར་འཛུགས་ཚུལ་ལས་བརྩམ་པའི་བྱ་དཀའི་སྤྱོད་པ་རྒྱ་ཆེར་སྐྱོང་བའི་རྣམ་པར་ཐར་པ་སྡོམ་ཚིག་ཏུ་བསྡུས་པའི་བར་སྐབས་ཀྱི་ངལ་བསོ་བའི་ཚིགས་སུ་བཅད་པའོ།།

༤ རིག་གནས་གསར་བརྗེའི་རླུང་འཚུབ་ཁྲོད་བསྟན་དོན་རྒྱ་ཆེར་སྤེལ་ཚུལ།

ཟུང་འཇུག་ནུ་འབུར་དར་བའི་བདེ་ཆེན་དབྱིངས།། དཀྱུས་རིང་ཨུཏྤལ་མཐིང་ཀའི་སྤྱན་ཞགས་ཀྱིས།། མཐའ་དག་རྒྱུད་ལྔའི་འབྱུང་པོ་འཆིངས་མཛད་པའི།། སེང་ལྡེང་ནགས་ཀྱི་སྒྲོལ་མས་དགེ་ལེགས་སྩོལ།། བཙོན་གྲོལ་བྱུང་བའི་རྗེས་རྒྱལཁབ་ཀྱི་ཁྲིམས་སྲོལ་གསར་པ་ལྟར་ས་ཞིང་བཅོས་བསྒྱུར་གྱི་མཉམ་ལས་ངལ་ལས་ནང་ཞུགས་དགོས་པ་བཞིན་རྗེ་འདི་ཉིད་ཀྱང་མི་དམངས་བྱིངས་དང་མཉམ་དུ་མཉམ་ལས་ངལ་རྩོལ་ལ་ཞུགས། ལུང་པ་སྟོད་སྨད་གང་སར་གྲྭ་ཆས་གོན་མཁན་མཐོང་རྒྱུ་མེད་ཅིང༌། ཆོས་ལུགས་དང་འབྲེལ་བའི་ཀུན་སྤྱོད་ཅུང་ཟད་ཙམ་ཡང་མི་ཆོག་པའི་དུས་དེར་ཡང་ཕྱུ་པའི་ནང་དུ་ཐང་གོས་རྒྱུན་ལྡན་དུ་གོན་པར་གནང་ཞིང་མཉམ་ལས་ངལ་རྩོལ་དུ་ཞུགས་ནས་གྲོང་མི་ཚོ་དང་མཉམ་དུ་ཞིང་ལས་སོགས་ཀྱི་སྐབས་ཕྱུ་པའི་འོག་ནས་སྐབས་འགར་ཤམ་ཐབས་བུད་ཡོད་ན་གྲོང་མི་ཚོས་ཨ་ཞང་ཕྱུ་པ་གོན་སྟངས་འགྲིགས་མི་འདུག ཅེས་བརྡ་བཏང་བ་མ་གཏོགས་གྲོང་སྡེ་གོང་འོག་གི་ཏང་ཡོན་དང་གདོང་ལེན་པ་ཚོས་ཧུར་བརྩོན་པ་དང་གོང་རིམ་ལས་བྱེད་ཁག་ལ་ཞུ་གཏུགས་སྙན་ཕྲ་ཞུ་སྲོལ་མེད་པའང༌། གང་དུ་གཤེས་གཉེན་དམ་པ་བཞུགས་པ་དེར་བཀྲ་མི་ཤིས་པའི་བྱ་བ་མི་འབྱུང་ཞིང་དགེ་ཚོགས་ལྷུན་གྱིས་འགྲུབ་པ་འབྱུང་བ་ནི། གང་ཞིག་གསེར་ཀྱི་རི་ལ་གསེར་རྒྱབ་ན།། དེ་ཡི་འདབ་རྒྱབ་ཐམས་ཅད་གསེར་དུ་འགྱུར།། ཞེས་སོགས་གསུངས་པ་དང་སྒོ་སྐུ་ནས་མཐུན་པར་སེམས་སོ།། གྲོང་མི་ཚོ་དང་མཉམ་དུ་ཞིང་ཁ་སོགས་ལས་ཀ་གང་ཞིག་བཀོལ་ནའང་སྐྱོ་ངལ་མེད་པར་ལས་ལ་བཙོན་པས། དད་ལྡན་ཡུལ་མི་ཚོས་གང་ནུས་ཀྱིས་ཕྱག་ལས་གུ་ཡང་བཏང་ནའང་མི་གསན་པར་ཧུར་ཐག་གིས་བརྩོན་པར་གནང་བས་ལས་ཤུགས་ཀྱང་གཞན་ལས་ཆེ་བ་ཡོད་ཚུལ་གྲགས་ཆེ་ལ། རྒྱལ་སྲས་བདག་ཉིན་ཆེན་པོ་ཚོ་སྙིང་སྟོབས་དང་བློ་གྲོས་སྤོབས་པ་གཞན་ཕན་བཅས་ཀྱི་ནུས་ཤུགས་ལ་ཕལ་བའི་སྐྱེ་བོ་གཞན་གྱིས་བསྒྲུན་དུ་མེད་པའི་བདེན་དཔང་དུའང་རུང་བ་སྙམ་སྟེ་འཕྲོས་གླེང་ཙམ་མོ།། དགུང་ལོ་སོ་བརྒྱད་པ་རབ་བྱུང་བཅུ་དྲུག་པའི་མེ་རྟ་༡༩༦༦་ལོའི་སྤྱི་ཚེས་ ༤ ནས་ ༢༦ བར་རྒྱ་ནག་པེ་ཅིན་དུ་ཀྲུང་གོ་ཀྲུང་དབྱངས་ཆབ་སྲིད་ཅུས་ཀྱི་རྒྱ་ཆེའི་ཚོགས་འདུ་སྐོང་ཚོགས་བྱས་པ་དང༌། ཚེས་ ༡༦ ཉིན་མའོཙེ་ཏུང་གིས་གཙོ་སྐྱོང་བཟོ་འགོད་བྱས་པའི་ཀྲུང་གོ་ཀྲུང་དབྱང་གི་བརྡ་ཐོར་གྲོས་འཆམ་བྱུང་ཞིང༌། དེ་ནས་རྒྱལ་ཡོངས་སུ་འབྱོར་མེད་གྲལ་རིམ་གྱི་རིག་གནས་གསར་བརྗེ་ཆེན་པོ་ཟེར་བའི་ཆགས་སྒོ་བསམ་བཞིན་དུ་བསླངས། ཟླ་འཇུག་ཏུ་ལྷ་ས་ཁུལ་དུ་ལྗོངས་ཏང་ཨུད་ཀྱི་རིག་གནས་གསར་བརྗེའི་མགོ་ཁྲིད་ཚོགས་ཆུང་ཟེར་བ་བཙུགས། ཟླ་ ༦ ཚེས་ ༦ ནས་གཞུང་འབྲེལ་ལས་ཁུངས་ཁག་ཏུ་ཡིག་ཆེན་ཚགས་པར་མང་དག་ཐོན། དེ་དང་ཕྱོགས་མཚུངས་པ་ཁམས་དང་ཨ་མདོའི་ཁུལ་གང་སར་རིག་གནས་གསར་བརྗེའི་རླུང་འཚུབ་ལྡང༌། གསེ་བརྗེ་བྱེདཔར་དགོས་པ་ཡོད།།གྱེན་ལངས་བྱེད་པར་རྒྱ་མཚན་ཡོད།།ཅེས་དང༌། གཅིག་ནས་དཀའ་རྒྱུ་ལ་མི་སྐྲག །གཉིས་ནས་འཁྱག་རྒྱ་ལ་མི་སྐྲག །ཞེས་དང༌། གྲལ་རིམ་འཐབ་རྩོད་གཏན་ནས་བརྗེད་མི་ཉན། །ཞེས་སོགས་མའོ་ཀྲུའུ་ཞིའི་གསུང་བཏུས་ཀྱི་ཚིག་འགའ་ཞིག་བགྲངས་ནས་རྒྱལ་ཡོངས་ཐུག་པ་ལྟར་ཁོལ། རྗེས་སུ་གནས་ཚུལ་ཞིབ་ཕྲ་ཤེས་དུས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུའུ་ཞི་མའོ་ཙེ་ཏུང་དང༌། ཀྲུའུ་ཞི་གཞོན་པ་ལུའུ་ཧྲོའུ་ཆིན་གཉིས། ཆབ་སྲིད་ལྟ་གྲུབ་མི་མཐུན་པའི་འགལ་ཟླ་ཆགས་པ་དང༌། མའོ་ཙེ་ཏུང་གིས་ལུའུ་ཤོག་གཏོགས་དང་བཅས་པ་རྩ་མེད་གཏོང་ཆེད་ཛ་དྲག་ཡ་ཡུད་ཆེ་བའི་ལས་འགུལ་ཐབས་སྡུག་དེ་སྤེལ་པ་ཡིན་འདུག ལས་འགུལ་དེའི་རྐྱེན་པས་རྒྱ་ནག་རྒྱལ་ཡོངས་སུ་མི་དམངས་ཕལ་ཆེ་བ་དང༌། ལྷག་པར་ལུའུ་སོགས་དཔོན་རིགས་ཆེ་ཕྲ་ཕལ་ཆེ་བ་དང༌། སྤྱི་ཚོགས་སྙིང་པའི་སྐབས་ཀྱི་སྡེ་དཔོན་དང་གཞུང་དཔོན། བླ་སྤྲུལ་དང་དགེ་བཤེས་སོགས་ལ་དམྱལ་ཁམས་ས་སྟེང་འཕོས་པ་ལྟ་བུའི་སྡུག་བསྔལ་མྱོང་དགོས་བྱུང་འདུག གུ་རུ་པདྨ་སམ་བྷ་ཝས། སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར།། དུས་རྣམས་མི་འགྱུར་མི་རྣམས་འགྱུར་བ་ཡིན།། དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད།།ཞེས་དང༌། དེ་དུས། བཙུན་པའི་སྙིང་ལ་རྒྱལ་པོ་འཇུག། སྔགས་པའི་སྙིང་ལ་བདུད་འཇུག། བོན་པོའི་སྙིང་ལ་བཙན་འཇུག། སྐྱེས་པའི་སྙིང་ལ་འགོང་པོ་འཇུག། བྱིས་པའི་སྙིང་ལ་ཐེའུ་འཇུག། བུད་མེད་སྙིང་ལ་བསེན་མོ་འཇུག། བུ་མོའི་སྙིང་ལ་འདྲེ་མོ་འཇུག། མདོར་ན་བོད་མི་རེའི་ཁོག་ན་འདྲེ་རེ་འཇུག། ཞེས་པའི་ལུང་བསྟན་དུས་ཐོག་ཏུ་བབ་སྟེ། དེ་སྔོན་སྐལ་བཟང་དུས་བཟང་སྐབས་མི་གཤིས་ལྷ་ལས་བཟང་བ་མང་པོ་སྙིང་ལ་གདོན་འདྲེ་ཞུགས་པ་ལྟ་བུས་གློ་བུར་དུ་འགྱུར་བ་ཐེབས་པ་དང༌། རྒྱུ་བདག་དང་མི་ཕུག་ཤེས་རྩ་དེ་ཙམ་མི་བཟང་བའི་མི་མང་པོ་ཞིག་ནི་ལས་སླ་བོའི་ངང་ནས་སྨྱོ་པ་ལྟ་བུར་གྱུར་ཏེ། མའོ་ཙེ་ཏུང་གི་གསུང་བཏུས་ལས། གྲལ་རིམ་འཐབ་རྩོད་གཏན་ནས་བརྗོད་མི་ཉན། ཞེས་པའི་སྦྱར་ཡིག་དང་འབོད་སྒྲ་གསེབ་སྐར་ལྔའི་དར་ཆ་དམར་པོ་ནམ་མཁའ་ལ་འཕྱར་ནས། རྙིང་བཞི་རྩ་གཏོར་གྱི་ལས་འགུལ་ལ་ཞུགས་ཏེ་ཐོག་མར་ཧོར་ཆོས་རྗེ་ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བ་ངག་དབང་ཕུན་ཚོགས་པའི་གདན་ས་ཏྲེ་ཤོད་ཞྭ་སེར་ཅོད་པན་འཆང་བའི་ཆོས་སྡེ་ཀུན་གྱི་མ་དགོན་དཀར་མཛེས་བཤད་སྒྲུབ་ནོར་བུའི་གླིང་ཞེས། དེ་སྔོན་བསྐལ་བ་བཟང་དུས་ཧོར་ཆོས་རྗེ་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་ནས་ཉེ་ར་བཟུང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་རིམ་པར་བྱོན་ནས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་ཐུབ་བསྟན་སྤྱི་དང་ཡང་སྙིང་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་གསེར་སྦྱངས་གཙང་མ་ལྟ་བུའི་རིང་ལུང་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བཀའ་དྲིན་གྱི་ཞོ་ཤས་ཉེ་བར་འཚོ་བའི་རིག་གྲོལ་འདུས་མང་སུམ་སྟོང་ལྷག་ཙམ་གྱི་བསྟི་གནས་དཀར་མཛེས་བཤད་སྒྲུབ་ནོར་བུའི་གླིང་ཞེས་སྟོད་ཁ་ཆེ་གུར་ཀུམ་མེ་ཏོག་བཀྲ་བའི་ཞིང་ཁམས་ཀ་ཤིསྨྀ་རི་ནས་སྨད་སྟོང་སྐུད་ཚོམས་བུར་སྡེབ་པའི་དར་གོས་འཐག་ས་རྒྱ་ནག་སྟོང་ཁུན་ཡན་ཆད་ལ་སྙན་པར་གྲགས་པའི་བ་དན་ལྷོ་ཡི་རླུང་གིས་བདས་པའི་མ་ལ་ཡི་དྲི་བསུང་ལྟར་འཐིལ་བའི་ཆོས་སྡེ་ཆེན་པོ་འཇམ་མགོན་རྒྱལ་བའི་གདན་ས་ཆོས་ཀྱིས་མཐོ་བའི་ཁང་བཟང་ཡིད་དགའ་ཆོས་འཛིན་མི་ཡུལ་དུ་འཕོས་པ་འདྲ་བ་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང༌། འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས་དམ་པ། མཇལ་ན་དང་བ་འདྲེན་ཞིང་བསམ་ན་ཡིད་ག་འཇོ་བ་དེ་ཉིད་ལ་ལག་བཞག་སྟེ། འཇོར་ལུ་དང་ལྕགས་གཡབ། ལྕགས་ཁེབས་དང་ལྕགས་མདའ་སོགས་སྐབས་བབ་དགོས་མཁོའི་ལག་ཆ་དུ་མ་ཁུར་ཏེ། དགོན་པའི་གསེར་ཇོ་ནས་རིམ་པར་བཞིན་གཏོར། མཚན་ཉིད་ཚང་གི་བཀའ་ཆོས་ཁང་དང་མདའ་བཀུག་ཚང་གྲྭ་ཤག་གཉིས་དགོན་པའི་ཅ་དངོས་བེད་ཡོད་རིགས་གསོག་ཉར་བྱེད་སར་བཞག་པ་ཕུད། དེ་བྱིངས་ཚོགས་ཆེན་འདུ་ཁང་ནས་མདོ་སྔགས་གཉིས་དང་རྣམ་རྒྱལ་གྲྭ་ཚང་གི་འདུ་ཁང༌། མཐའ་ན་གྲྭ་ཤག་དཀྱུས་མ་གཅིག་ཀྱང་མ་ལུས་པར་གཏོར་བཤིགས་བཏང༌། སྐུ་གསུང་ཐུགས་རྟེན་རྩ་ཆེན་རིགས་དང་གསེར་དངུལ་ཟངས་ལྕགས་སོགས་མཁོ་དགོས་ཡོད་པའི་དངོས་རིགས་རྣམས་བཀའ་ཆོས་ཁང་དང་མདའ་བཀུག་ཚང་གྲྭ་ཤག་ནང་དབོར་ནས་གནས་སྐབས་བསགས་ཉར་ཐོག་འབྱོར་མེད་གླ་རིམ་དང༌། གླ་པ་དབུལ་པོའི་ཧུར་པ་ཚོར་ས་བཅད་མ་བཏང་ཙམ་རེ་སྤྲོད་ནས། དེ་བྱིངས་ཕལ་ཆེ་བཧརྒྱ་ནག་ཏུ་དབོར། མདོར་ན་དགོན་པའི་གཙུག་ལག་ཁང་རྒྱ་ཁྱོན་གཞི་འདོམ་གྲུ་བཞི་མ་བརྒྱད་བརྒྱ་ལྷག་ཙམ་གྱི་སྟེང་དུ་གཙུག་ལག་ཁང་གི་ཡང་སྟེང་དུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྒྱ་ཕིབས་དང༌། གཉྫི་ར། ཆོས་འཁོར། གདུགས་རྒྱལ་མཚན་སོགས་ཀྱིས་བརྒྱན་པ། ནང་རྟེན་གྱི་སྐོར་ལ། རྒྱ་ཕིབས་འོག་ལྷ་ཁང་དུ་འཇམ་དབྱངས་ཆོས་འཁོར་མ་རྒྱལ་བ་སྐུ་ཕྲེང་ཞིག་གིས་རྟེན་སྐལ་དུ་གནང་བ་དེ་བཞུགས། གཟིགས་རྒྱབ་བཀའ་ཆེན་གྱིས་བཞེངས་པའི་སྨན་སྐུ་ཐུབ་པ་ཚུལ་ཁྲིམས་མ་སྐུ་ཚད་ཁང་བརྩེགས་གཅིག་ཙམ་ཡོད་པ། བྱམས་པ། རྗེ་རིན་པོ་ཆེ། འཁྲུངས་གསར་བློ་བཟང་ཕུན་ཚོགས་བཅས་ཀྱི་སྨན་སྐུ་བརྩེགས་གསུམ་ཙམ་ཡོད་པ། ཚེ་ལྷ་རྣམ་གསུམ། སེང་གདོང་མ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བཅས་སྐུ་ཚད་བརྩེགས་གཉིས་ཙམ་ཡོད་པ། འཇམ་དབྱངས་དང་ཕྱག་རྡོར། སྨན་བླ་བདེ་གཤེགས་བརྒྱད་བཅས་མདའ་ཚད་མ། ཚོགས་ཆེན་གྲལ་མགོར། རྒྱལ་དབང་བཅུ་གསུམ་པ་དང་པཎ་ཆེན་ཆོས་ཀྱི་ཉི་མའི་སྐུ་འདྲ། རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་ཚེ་འཛིན་མའི་སྐུ་ཁང་བརྩེགས་གཉིས་ཡོད་པ། འདུ་ཁང་སྒོའི་སྟེང་དུ་ལམ་བྲག་འཁྲུངས་གསར། གཟིགས་རྒྱབ་བཅས་ཀྱི་སྐུ་མདའ་ཚད་མ། སྟོན་པའི་འཁྲུངས་རབས། རྒྱན་དྲུག་མཆོག་གཉིས་ཀྱི་གྱན་ཐང༌། སྲུང་མ་ཁང་དགོན་པ་སྤྱིའི་སྲུང་མ། བཀའ་སྲུང་ཡོན་ཏན་རྒྱལ་པོ། རྟ་མགྲིན་གསང་སྒྲུབ། ལྷ་མོའི་སྐུ་བཅས་མདའ་ཚད་མ། བླ་མ་གསུམ་གྱི་གཟིམས་ཆུང་ནང་རྒྱལ་དབང་བཅུ་གསུམ་པའི་ན་བཟའ་ཆ་ཚང༌། རྒྱུ་གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན། རྗེ་ཡབ་སྲས་གསུམ། གནས་བརྟན་བཅུ་དྲུག་རྒྱལ་ཆེན་སྡེ་བཞི། ཚེ་དཔག་མེད། རྣམ་རྒྱལ་མ་བཅས་ཀྱི་སྐུ་འདྲ། ཡང་རྗེ་ཡབ་སྲས་གསུམ་དང་རྣམས་སྲས་སོགས་ཀྱི་སྐུ་ཐང་བཅོ་ལྔ།། རྒྱུ་གསེར་ཟངས་ལས་གྲུབ་པའི་གཟིགས་རྒྱབ་སྔགས་འཆང་གི་གདུང་རྟེན་ཁང་བརྩེགས་གཅིག་ཡོད་པ། བྱམས་པ་ཆོས་འཁོར་མ། རྗེ་ཡབ་སྲས་གསུམ་བཅས་ཀྱི་ལི་སྐུ་ནང་གཟུངས་ལ་རྒྱལ་དབང་བཅུ་གསུམ་པའི་ན་བཟའ་ཆ་ཚང༌། གཞན་ཡང་ལི་སྐུ་ཆེ་ཆུང་སུམ་ཅུ་ལྷག་ཀུན་རིག་དཀྱིལ་འཁོར། རྗེ་ཙོང་ཁ་བའི་རྣམ་ཐར་རྒྱས་པ། སྟོན་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང༌། འཁྲུངས་གསར་འཁྲུངས་རབས་སོགས་ཞལ་ཐང་སུམ་ཅུ་ལྷག་ཤར་ལི་ནུབ་ལིའི་སྐུ་བརྙིན་ཆིག་སྟོང་ལྔ་བརྒྱ་ལྷག༌།རྒྱུ་གསེར་ཟངས་ལས་གྲུབ་པའི་གསེར་སྡོང་ཁང་བརྩེགས་གཉིས་ཡོད་པའི་ནང་གཟུངས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ། སྐུ་གསེར་ཟངས་སྒྲོལ་མ་ཉེར་གཅིག་ཉེ་སྲས་བརྒྱད་ཁང་བརྩེགས་ཕྱེད་ཙམ་ཡོད་པ། ཙོང་ཁ་བརྒྱད་ཅུའི་སྨན་སྐུ། སྒོ་ཕྱི་ན་རྒྱལ་ཆེན་བཞིའི་སྨན་སྐུ་སོགས། གསུང་རྟེན། བཀའ་འགྱུར་དངུལ་བྲིས་ཆ་ཚང་གཅིག་ཚལ་པར་སྣག་པར་ཚར་དགུ། རྗེ་ཡབ་སྲས་གསུང་འབུམ་ཆ་ཚང་བཞི་སོགས་ཡོད། མགོན་ཁང་ནང་དུ་ཆོས་རྒྱལ་ནང་སྒྲུབ། ལྕམ་སྲིང་གཙོ་འཁོར་གསུམ་བཅས་མི་ཚད་མ། ཐང་སྟོང་པའི་སྐུ་བརྙིན། འཇིགས་བྱེད། གསང་འདུས། ཀུན་རིག་རྒྱན་དྲུག་མཆོག་གཉིས་བཅས་ཀྱི་གྱན་ཐང་སོགས། སྔགས་པ་གྲྭ་ཚང་གི་ནང་རྟེན་དུ་རྗེ་ཙོང་ཁ་པ། བདེ་གསང་འཇིགས་གསུམ། ཚེ་ལྷ་རྣམ་གསུམ། སྒྲོལ་མ། བྱམས་པ། རྡོ་རྗེ་སེམས་དཔའ། འཁྲུངས་གསར་བློ་བཟང་ཕུན་ཚོགས། སྟོན་པ་བཅས་སྐུ་ཚད་ཁང་བརྩེགས་གཅིག་ལྷག་ཡོད་པ། ཤུགས་སྡན་རིགས་ལྔ།། དམག་ཟོར་མ། དམ་ཅན། ནོར་བདག་བཀའ་རྒྱ་མ། རྣམ་སྲས། མགོན་དཀར། རྒྱལ་བ་སེང་གེ་ང་རོ། དུས་གསུམ་སངས་རྒྱས། གནས་བརྟན་བཅུ་དྲུག༌།རྗེ་ཡབ་སྲས་གསུམ། སྲུང་མ་ཁང་དུ་ནག་ཚང་བསྟན་པ་དར་རྒྱས་ཕྱག་བཟོ། མགོ་པོ། ལྕམ་སྲིང༌། སྨན་སྐུ་ཆེ་ཆུང་སྣ་ཚོགས། རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་ཤེས་རབ་སེང་གེ་སྐུ་འབུམ། བདེ་གསང་འཇིགས་གསུམ་གྱི་བློས་བསླང༌། ལྷ་མོའི་སྐུ། འཇིགས་བྱེད། རྟ་མགྲིན། ཆོས་རྒྱལ། ནུབ་ལོའི་སྐུ་སྣ་ཚོགས་ཆིག་སྟོང་ལྷག།རྒྱུ་ཤིང་ལས་གྲུབ་པའི་དབྱེན་འདུམ་མཆོད་རྟེན་ཁང་བརྩེགས་གཅིག་ཅན་དང༌། གཟིགས་རྒྱབ་གཤིམས་ཁང་དུ་རྗེ་ཡབ་སྲས་སྐུ། གྲུབ་ཐོབ་བརྒྱད་ཅུའི་སྨན་སྐུ། རོང་ཚའི་གཟིམས་ཆུང་ནང་བྱམས་པ། རིགས་གསུམ་མགོན་པོ། གཞན་ཡང་གསེར་ཟངས་ལི་སྐུ་སྣ་ཚོགས་ལྔ་བརྒྱ་ལྷག༌།ཞལ་ཐང་སྐོར་ལ་གསང་བདེ་འཇིགས་གསུམ། ཙོང་ཁ་བརྒྱད་ཅུ། ལྷ་མོ། རྟ་མགྲིན། དུས་གསུམ་སངས་རྒྱས། དཔག་བསམ་འཁྲི་ཤིང༌། རྒྱན་དྲུག་མཆོག་གཉིས། གྲུབ་ཐོབ་བརྒྱད་ཅུ། གནས་བརྟན་བཅུ་དྲུག་རྒྱལ་དབང་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་གྱན་ཐང༌། གསུང་རྟེན་སྐོར་ལ་སྡེ་དགེ་པར་མའི་བཀའ་འགྱུར་དང་བསྟན་འགྱུར། རྗེ་ཡབ་སྲས་བཀའ་འབུམ། ལམ་བྲག་གསུང་འབུམ། པཎ་ཆེན་ཆོས་རྒྱན་བཀའ་འབུམ། བཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་བཀའ་འབུམ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་བཀའ་འབུམ། གུང་ཐང༌། ཁྲི་ཆེན་ངག་དབང་ཆོས་ལྡན། ཐུབ་བསྟན་ཆོས་ཀྱི་ཉི་མ། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་ཀྱི་བཀའ་འབུམ། དམིགས་བརྩེ་མའི་བེའུ་བུམ་པོད་གསུམ། རྡོ་དྲིལ་ཆ་ཚང་བརྒྱ་དང་ལྔ་བཅུ་བཅས་མཐའ་ཡས་པ། མཚན་ཉིད་གྲྭ་ཚང་གི་རྟེན་གཙོ་རྗེ་རིན་པོ་ཆེ་སྨན་སྐུ་ཁང་བརྩེགས་གཅིག་ཙམ་ཡོད་པ། རྒྱུ་གསེར་ཟངས་ལས་གྲུབ་པའི་གདུགས་དཀར། རྒྱལ་བ་ཐུབ་བསྟན་རྒྱ་མཚོ། སྒྲོལ་མ་བཅས་སྐུ་ཚད་བརྩེགས་གཅིག་ཅན། རྒྱུ་གསེར་ཟངས་པཎ་ཆེན་ཆོས་ཀྱི་ཉི་མ། གནས་བརྟན་བཅུ་དྲུག༌།ལོ་གྱོན་མ། སྒྲོལ་མ་ཉེར་གཅིག་བཅས་མདའ་ཚད་མ། རྗེ་སྐུ་ཁང་དུ་རྒྱུ་གསེར་ཟངས་རྗེ་ཡབ་སྲས་གསུམ་དང་རྗེ་ཚེ་འཛིན་མ་བཅས་སྐུ་བརྙིན་ཐོག་ཚད་གསུམ་ཅན། རྒྱུ་གསེར་ཟངས་ཇོ་བོའི་སྐུ་ཐོག་ཚད་མ། སྨན་སྐུ་སྒྲོལ་མ་གསུང་འབྱོན་མ། མགོན་པོ། ཚེ་ལྷ་རྣམ་གསུམ་བཅས་ཐོག་ཚད་མ། ཤུགས་ལྡན་རྟེན་འདུས། བྱམས་ཁང་ནང་དུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཁང་བརྩེགས་གསུམ་ཅན། སྨན་བླའི་ཁང་དུ་སྨན་འདམ་ལས་གྲུབ་པའི་སྨད་བླའི་སྐུ་དང༌། རྒྱལ་པོ་སྐུ་ལྔ་དང༌། སྨན་བླའི་བློས་བླང༌། སྐུ་ལྔའི་རྟེན་འདུས་སོགས་དང༌། གཞན་ཡང་སྒྲོལ་མའི་སྐུ་མདའ་ཚད་མ་ཤར་ལི་ནུབ་ལི་སྣ་ཚོགས་ཆིག་སྟོང་ལྷག ། ཞལ་ཐང༌། དཔག་བསམ་འཁྲི་ཤིང༌། ཙོང་ཁ་བརྒྱད་ཅུ། རྒྱལ་དབང་དང་པཎ་ཆེན་འཁྲུངས་རབས། ལམ་བྲག་གཟིགས་རྒྱབ། འཁྲུངས་གསར། གནས་བཅུ་སྒྲོལ་མ་ཉེར་གཅིག་སོགས་ཞལ་ཐང་ཉིས་སྟོང་ལྷག་ཡོད། གསུང་རབ་ཀྱི་སྐོར་ལ། བཀའ་འགྱུར་དང་བསྟན་འགྱུར་སྣར་ཐང་པར་ཚར་གསུམ། རྗེ་ཡབ་སྲས། གཟིགས་རྒྱབ་སོགས་ཀྱི་བཀའ་འབུམ། དམིགས་བརྩེ་མའི་ལས་ཚོགས་ཡིག་ཆ་སྣ་ཚོགས་སྐོར་པོད་སུམ་བརྒྱ་ལྷག་དགོན་པ་སྤྱིའི་རྟེན་གྱི་གཙོ་བོ་ནི་སྨན་འདམ་ལས་གྲུབ་པའི་བྱམས་པ་མགོན་པོ་ཁང་བརྩེགས་གཉིས་ཡོད་པ་བཅས་སོ། །འདི་ནི་མཁའ་ནང་བྱམས་ཁང་ཆེན་མོ་ཞེས་གྲགས། གཙུག་ཏོར་གདུགས་དཀར་ཚེམ་དྲུབ་མ་ཐོག་བརྩེགས་བཞི་ཅན་གྱི་གོས་སྐུ། ། རྣམ་རྒྱལ་གྲྭ་ཚང་གི་རྟེན་གཙོ་སྨན་སྐུ་ཐུབ་པ་ཚུལ་ཁྲིམས་མ་བྱིན་ཅན། དུས་གསུམ་སངས་རྒྱས། རྗེ་ཡབ་སྲས། འཇིགས་བྱེད་སོགས་ཡི་དམ་སྐོར་དང༌། མགོན་པོ་ཆོས་རྒྱལ་རྟ་མགྲིན་སོགས་སྲུང་མའི་སྐོར། ལྷ་མོའི་སྐུ་ཐོག་བརྩེགས་གཉིས་ཅན། ཙོང་ཁ་བརྒྱད་ཅུ། དཔག་བསམ་འཁྲི་ཤིང༌། གསེར་བྲིས་སངས་རྒྱས་སྟོང་སྐུ་སོགས་ཞལ་ཐང་བརྒྱ་དང་ལྔ་བཅུ་ལྷག༌།གཞན་ཡང་རྣམ་རྒྱལ་མཆོད་རྟེན། མ་ཎི་དུང་འཁོར། གདུགས་དཀར་དུར་འཁོར། བླ་མ་བཤེས་གཉེན་རྣམས་ཀྱི་སྐུ་གདུང་མཆོད་རྟེན་བཅུ་གཅིག་ལྷག་གསུང་རབ་སྐོར་ལ། བཀའ་འགྱུར་གཅིག༌།རྗེ་ཡབ་སྲས་གསུང་འབུམ། ཧོར་ཆོས་རྗེའི་གསུང་འབུམ། བརྒྱད་སྟོང་གསེར་བྲིས་སོགས་ཞིབ་ཏུ་བྲི་བར་མི་ནུས། ཁང་སར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་ཀྱིས་བཞེས་པའི་བྱམས་ཁང་གཅིག་པོར་ཡང་གཙུག་ལག་ཁང་ཀ་མིག་ལྔ་བཅུ་ང་དྲུག་གི་རྒྱ་ཁྱོན་ཅན་དད་ལྡན་སེར་སྐྱ་རྒྱ་བོད་ཐམས་ཅད་ཀྱིས་སྟོབས་རྩལ་གཅིག་ཏུ་བསྒྲིལ་ཏེ་བཞེངས་པས་ཐོག་བརྩེགས་གསུམ་པ། འོག་ཁང་ཚོམས་ཆེན་སྦུག་ཏུ་ཐོག་བརྩེགས་ཕྱེད་གསུམ་ལ་བསྙེགས་པའི་ཀ་རིང་བཞི་བཙུགས་པའི་རྒྱ་མཐོང་ཀ་མིག་དྲུག་པ་བར་ཁང་སྦུག་ངོས་ཀ་མིག་ཉེར་བརྒྱད་བཅས་ཐོག་བརྩེགས་གཉིས་པ་མཐོ་ཞིང༌། མདུན་ངོས་ཀ་མིག་ཉེར་གཅིག་ཐོག་བརྩེགས་རེ་བཅས་ཅུང་ཟད་དམའ་བའི་མཐོ་དམའ་སེངྒེའི་ཁའི་དབྱིབས་ཅན། ཁྱམས་ཕྱི་ནང་གཉིས། ཕྱི་མ་ཀ་མིག་བཅུ་བཞི་པ་ལ་ནུབ་ངོས་གཟིམས་ཆུང་བསོད་ནམས་སྟོང་འབར་དབྱངས་ཅན་བཞད་པའི་དགའ་འཚལ། ཤར་དུ་ལག་མཛོད་མིག་སྐྱ་རོལ་པའི་གནས། ཐོག་བརྩེགས་སྟེང་མར་རྒྱབ་ཕྱོགས་ཀ་མིག་སོ་ལྔའི་ཚད། བར་ཁང་གི་རྒྱ་ལོགས་ནས་བསྐོར་ལམ་ཀ་མིག་རེ། ནུབ་ངོས་གློ་འབུར་སྒྲུབ་ཁང་དེ་ཝི་ཀོ་ཊི་དང༌། གློ་སྒོའི་ཐད་རྡེལ་ཁྲའི་གཡུང་དྲུང་དང་མིག་མང་རིས་སུ་བཀྲ་བའི་ཀུན་དགའ་ར་བ། ཁོར་ཡུག་ཏུ་སྤེན་བད་ཆེ་ཆུང་དང་སྤུ་ཤུས་བསྐོར་བ་ལ་སྤེན་རྒྱན་གསེར་ཟངས་ཀྱི་རྣམ་བཅུ་དབང་ལྡན་ཆ། སྟེང་དུ་ཁང་ཆུང་ལ་གསེར་ཟངས་ཀྱི་གཉྫིརའི་ཏོག དེའི་མདུན་དབུས་སུ་གསེར་གྱི་འཁོར་ལོ་པད་གདན་དང་བཅས་པའི་གཡས་གཡོན་རི་དྭགས་ཕོ་མོ་བཟོ་བྱད་ངོ་མཚར་ཅན་ཤར་ནུབ་ཀྱི་ཟུར་ལ་གསེར་གྱི་རྒྱལ་མཚན་ཆེ་ལེགས་རེ། ཐིག་ཁང་གི་ཟུར་བཞིར་རྟེན་ཐུགས་རེ། འོག་ཁང་གི་ལྷོར་སྒོ་ཆེན་ཁྱམས་བཅས་ཡོད་པ་སོགས་བཀོད་མཛེས་རྨད་བྱུང་ཡིད་དགའི་ཆོས་འཛིན་དང༌། རྒྱལ་མཚན་མཐོན་པོ་ས་ལ་འཕོས་བ་ལྟ་བུའི་ནང་རྟེན་གྱི་གཙོ་བོ་བསྐལལ་བཟང་རྣམ་འགདྲེན་ལྔ་པ་རྒྱལ་བ་མི་ཕམ་པ་ཆེན་མོའི་གསེར་ཟངས་ཀྱི་སྐུ་ཆེན་མོ། གཟུངས་ཞུགས་སུ་བྱམས་པས་དམ་བཅས་པའི་གཟུངས་དུང་ཕྱུར་ལྷག་བཅས་ཁ་ཆེའི་གུར་གུམ་སོགས་དྲི་བཟང་གིས་བྱུགས་ཤིང་ལེགས་པར་དྲིལ་ཏེ་ན་བཟའ་ཕུལ་བ། སངས་རྒྱས་ཀྱི་རིང་བསྲེལ་སྲན་དཀར་གྱི་ཚད་བདུན། ཆུང་བ་མཐའ་ཡས་པ། ལྷོ་བྲག་གྲུབ་ཆེན་གྱི་ཕྱག་མཛུབ་ཆ་ཤས། རྗེ་རིན་པོ་ཆེའི་ཕྱག་མཛུབ། ཆོས་འཕགས་ཀྱི་ཚེམས། དབུ་ཐོད་ཨ་ཡིག་རང་བྱོན་ཅན། འཕགས་ཡུལ་གྱི་ཉན་ཐོས་ཆེན་པོ་རྣམས་དང༌། གནས་བརྟན་བཅུ་དྲུག རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ་ལ་སོགས་པའི་སྐུ་གདུང་དང༌། སྐུ་བལ་གྱི་རིང་བསྲེལ་བསམ་གྱི་མི་ཁྱབ་པ། གྲུབ་མཐའ་རིས་མེད་ཀྱི་བླ་མ་རྣམས་ཀྱི་ན་བཟའ། དབུ་སྐྱེས། རྗེ་ཡབ་སྲས་ནས་བཟུང་དགའ་ལྡན་ཁྲི་རབས་རྣམས་དང༌། རྒྱལ་པ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་རེ་རེ་བགྲང་དུ་མི་ལང་བའི་དམ་པ་རྣམས་ཀྱི་བྱིན་རྟེན། རྡོ་ནག་གི་སྒྲོལ་སྐུ་རང་བྱོན་དང༌། ལི་མ་དང༌། སྨན་སྐུ་སོགས་སྐུ་བརྙན་སྟོང་ཕྲག་ཏུ་ཉེ་བ། གཞན་ཡང་འཁོར་ལོ་དང༌། རིན་ཆེན་སྨན་འབྲུས་ཕྱུར་བུར་གཏམས་པའི་གཏེར་བུམ་གྱི་རིགས་ཀྱང་མཐའ་ཡས་པ། གོ་མཚོན་གྱི་རིགས། དངུལ་སྣོད་དང་ཟངས་དཀར་གས་ཆག་མེད་པ་མར་ཁུས་གང་བ་མང་པོ། སྤོས་སྣ། སྨན་སྣ། འབྲུ་སྣ། རིན་པོ་ཆེ་མཆོད། མ་རྒད། ནལ། ཕ་ལམ། པད་རཱག མུཏིག མུ་མེན། དུང༌། མན་ཤེལ། བྱུ་རུ། སྤོས་ཤེལ། གསེར། རྒྱ་དངུལ། བོད་ཊྃ་སོགས་གཟངས་གཞུག་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པར། རྒྱན་དྲུག་རྒྱབ་ཡོལ། སེང་ཁྲི་སོགས་ལེགས་པར་བསྒྲིགས་ཏེ་དགའ་ལྡན་གནམ་གྱི་ལྷ་གནས་དག་པའི་ཞིང་གཉིས་པ་ལྟ་བུར་སྐྱེ་རྒུའི་མཆོད་སྡོང་གཟི་བྱིན་སྟོང་གིས་ལྷམ་མེར་འབར་བར་བ། སྐུའི་སྲིད་ལ་ཁྲུ་ཉེར་ལྔ་ལྷག རྒྱན་དྲུག་གི་ཡས་མཐའ་ནས་ཞབས་ཀྱི་པདྨའི་མས་མཐའི་བར་ཁྲུ་སུམ་ཅུ་ཙམ་བཞུགས་པ་བྱོན་ལེགས་ཤིང༌། སྐུའི་རྒྱན་གནས་དང༌། སེང་ཁྲི་དྲུག་འཇོག་དང་བཅས་པ་ལ་རྡོ་རྗེ་ཕ་ལམ། པདྨ་རཱ་ག ཨིབྷ་ནིའ་ལ། ཀེ་ཀེ་རུ། མ་རྒད། མུ་མེན། ཞུམ་མིག ནལ། གཡུ་དྲུག་དཀར། དྲུག་དམར། གཡང་ཊི། གཟི། མཆོང༌། མུ་མེན། མུ་ཏིག བྱུ་རུ། སྤོས་ཤེལ་སོགས་རིན་པོ་ཆེ་དཔག་ཏུ་མེད་པའི་ཕྲ་ཚོམ་གྱིས་ཕྱུག་པ། ཁྱད་པར་མཛོད་སྤུ་གསེར་སྦྱངས་འབའ་ཞིག་གི་སྟེང་དུ་མུ་ཏིག་ཕྱུར་བུར་སྤུངས་པའི་འཁྱིལ་རིས་ཅན། ཐུགས་རྒྱན་གྱི་དབུས་སུ་དུང་དཀར་གཡས་འཁྱིལ་ཆེ་ལེགས་དང༌། དབུ་རྒྱན་དབུས་མའི་རྩེ་ཕྲན་ཀྱང་གསེར་སྦྱངས་བཙོ་མའི་གཞིར་རིན་ཆེན་རིན་ཐང་བྲལ་བ་དུ་མས་མཛེས་པར་སྤྲས་པ། གཡས་གཡོན་དུ་སྲས་ནམ་མཁའ་དྲི་མེད་དང༌། འཇམ་དཔལ་སྙིང་པོའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་རེ། ལོགས་བྲིས་ལ་ཇོ་བོ་རྗེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ། གཟིག་རྒྱབ་དཀའ་ཆེན་བློ་བཟང་ཆོས་འཕེལ། ནགས་ཚང་བསྟན་པ་དར་རྒྱས། ཉེ་སྲས་བརྒྱད། ཤར་ནུབ་ཀྱི་དྲ་མིག་རྣམས་སུ་སྨན་འདམ་ལས་བཞེངས་པའི་ཐུབ་དབང༌། རྒྱན་དྲུག་མཆོག་གཉིས། རྗེ་གཟིགས་པ་ལྔ་ལྡན་རྣམས་མི་ཚད་ཙམ། གཞན་ཡང་བྲིས་ཆར་མཆོད་ལྷ་སྣ་ཚོགས། དགའ་ལྡན། བདེ་བ་ཅན། སྨན་བླ། མི་འཁྲུགས་པ། རྒྱལ་བ་སེངྒེའི་ང་རོ། རིག་བྱེད་མ་སོགས་ཀྱི་ཞིང་བཀོད། རྗེ་ཉིད་ཀྱི་འཁྲུངས་རབས། གཙུག་ལག་ཁང་བཞེངས་དུས་དང་བཞུགས་གྲལ་འབུལ་ཆེན་སོགས་ཀྱི་བཀོད་པ། མགོན་དཀར། ཛམ་ལྷ་སྡེ་ལྔ།། ཡུལ་སྣང་སྣ་ཚོགས་ཀྱི་བཀོད་པ། འཕགས་ཡུལ་མཉན་ཡོད་ཆོ་འཕྲུལ་ཆེན་པོའི་བཀོད་པ། མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ། ལྷ་མོ། རྣམ་སྲས། གུར་མགོན། ཞལ་བཞི། བྲམ་ཟེ། གནས་ཆུང༌། དམ་ཅན། རྒྱལ་ཆེན་བཞི་བཅས་བཞུགས་ཚུལ་རྣམ་ཐར་ནང་གསལ་བས་མཚོན། མདོར་ན་དགོན་པའི་ལྷ་ཁང་སོ་སོ་དང་གྲྭ་ཤག་སྐུ་གསུང་ཐུགས་རྟེན་སོགས། ཐམས་ཅད་མེ་ལ་བསྲེགས་པ་དང་ས་ལ་བརྡེབས་པ་སོགས་བྱས། དེ་ཡང་གསེར་དངུལ་ཟངས་ལྕགས་ལས་གྲུབ་པའི་སྐུ་གསུང་ཐུགས་རྟེན་དང་འཛིན་ཆས་རིགས་ཀུན་དང་པོར་བཀའ་ཆོས་ཁང་དུ་བསྡུ་རུགས་བྱས། དེ་ནས་རིམ་པར་བཞིན་རྒྱ་ནག་ཏུ་དབོར། ཚོགས་ཆེན་འདུ་ཁང་དང་སྔགས་མཚན་ཉིད་རྣམ་རྒྱལ་ར་བཅས་གྲྭ་ཚང་གསུམ་གྱི་འདུ་ཁང་གཙོས་དགོན་པའི་ནང་གི་ཁང་པ་ཡོད་ཚན་ལས་བཀའ་ཆོས་ཁང་དུ་བཅའ་དངོས་བསྡུ་གསོག་བྱེད་དགོས་པ་ཕུད། དེ་བྱིངས་ཁང་པ་ཡོངས་རྫོགས་ཟླ་བ་གཅིག་གིས་ནང་དམིགས་མེད་དུ་བཏང༌། འདུ་ཁང་གི་ཤིང་ཆ་རྣམས་རྒྱའི་ལས་ཁུངས་ཁག་གི་ཕག་ཁང་དང་རྟ་ཁང་འགེབས་བྱེད་སོགས་སུ་བེད་སྤྱོད་དང༌། ད་དུང་དུམ་བུར་གཤགས་ནས་ལས་ཁུངས་ཁག་གི་བུད་ཤིང་སོགས་བྱས། དགོན་པའི་མང་ཇ་སྐོལ་ས་ཁྲོ་ཆེན་དེ་ཉིད་སྟག་ཆུ་འདར་ཕག་གསོ་ཁང་གིས་ཕག་ཆུ་ཁོལ་ནང་འཕེན་ནས་གསད་ས་བཟོས་སྟེ་དུས་ཕྱིས་སུའང་ལུས་ཡོད་པ་དང༌། གསུང་རྟེན་གླེགས་བམ་རིགས་གསེར་དངུལ་གྱིས་བྲིས་པ་དང་སྣག་པར་དང་མཚར་པར་གྱི་བཀའ་འགྱུར་དང་བསྟན་འགྱུར་ཚར་གྲངས་དུ་མ། རྗེ་ཡབ་སྲས་ཀྱི་གསུང་འབུམ་ཚར་གྲངས་དུ་མ། དེ་བཞིན་གདན་ས་ཁག་གི་ཡིག་ཆ། རེས་མེད་ཆོས་བརྒྱུད་ཁག་གི་སྐྱེས་ཆེན་དུ་མའི་གསུང་འབུམ། དགོན་འདིའི་གལ་ཆཻན་ལོ་རྒྱུས་དང་ཡིག་ཚང༌། དེབ་གཏེར། བཅའ་ཁྲིམས་སོགས། མདོར་ན་དགོན་པའི་ནང་གི་གསུང་རབ་གླེགས་བམ་མཐོང་ས་ཡོད་པ་རྣམས་ཤོག་ལྷེ་གཅིག་ཀྱང་མ་ལྷག་པར་མེ་བསྲེགས་བཏང༌། སྨན་དང་འདམ་སྐུ་སོགས་བེད་སྤྱོད་མེད་རིགས་ཀུན་ཞིང་ཁའི་ནང་བླུགས་ན་ས་ལུད་ཡག་ཤོས་ཡིན་ལུགས་བཤད་ནས་གཏོར་གཤིགས་བཏང་རྗེས་ཐག་ཉེའི་ཞིང་ཁ་རྣམས་སུ་བླུག་ཏུ་བཅུག །ཤིང་གི་མཆེད་རྟེན་རྣམས་སྟ་རེས་གཤགས་ནས་གཏོར། སྔོན་བྱོན་སྐྱེས་ཆེན་དམ་པ་དུ་མའི་སྐུ་དམར་གདུང་མང་པོ་གདུང་རྟེན་ནས་བཏོན་ཏེ་སྲང་མདོར་འཕངས་པ་དང༌། ད་དུང་དགོན་པ་ནི་བླ་མའི་རོ་སྒམ་སྦ་ས་དུར་ཁྲོད་རེད་ཅེས་དེ་སྔོན་དབྱིན་དམག་གིས་འབྲས་ལྗོངས་བརྒྱུད་བོད་ལ་བཙན་འཇུག་བྱས་སྐབས་བཀྲིས་ལྷུན་པོ་པཎ་ཡེན་རིན་བྱོན་གྱི་གདུང་རྟེན་མཆོད་རྟེན་སོགས་གཏོར་གཤིགས་སྐབས་དགོན་པ་འདི་དུར་ཁྲོད་རེད་འདུག་ཅེས་བརྗོད་མྱོང་བ་དང་ཕྱོགས་མཚུངས་པར་བྱུང༌། གཏོར་གཤིགས་མ་གཏོང་བའི་སྔོན་ཙམ་ན་དགོན་པའི་འདུ་ཁང་ནང་དུ་ཧོར་ཁོག་དགོན་སྡེ་བཅུ་གསུམ་གྱིས་གཙོས་དཀར་མཛེས་ཁུལ་གྱི་དགོན་སྡེ་ཡོངས་རྫོགས་ནས་གྲྭ་པ་དང་ཨ་ནེ་ཀུན་མཉམ་དུ་བསྐོང་སྟེ་རྒྱུན་དུ་ཚོགས་འདུ་འཚོགས་པ་དང༌། དེ་ཡང་ཏང་གི་ཡང་དག་པའི་སྲིད་ཇུས་དང་སྤྱི་ཚོགས་རྙྀང་པའི་སྡུག་བསྔལ། སྤྱི་ཚོགས་གསར་པའི་བདེ་སྐྱིད། ས་བདག་ཞིང་ཕྱུག་དང་མི་དྲག་བླ་དྲག་གི་བྱ་ངན་སྤྱོད་ངན་འོག་ཉམ་ཐག་བྲན་གཡོག་བརྒྱ་ཕྲག་མང་པོས་བཀའ་སྡུག་སྣ་ཚོགས་མྱོང་ཚུལ། གྲྭ་པ་དང་ཨ་ནེ་བྱས་པ་ནི་བསམ་བློ་རྗེས་ལུས་ཡིན་ལུགས་དང༌། གཞན་གྱི་བཙོན་དབང་འོག་བྱེད་དགོས་བྱུང་ལུགས། ད་དུང་བོད་ཀྱི་ས་ཁུལ་དུ་མི་འབོར་ཉུང་བ་དང་དཔལ་འབྱོར་གྱི་གནས་བབ་ཞན་པ་སོགས་ཀྱི་ཕུག་རྩ་གྲྭ་པ་དང་ཨ་ནེ་ལ་ཐུགས་ཚུལ་སོགས་ཕྱེད་བདེན་ཕྱེད་རྫུན་གྱི་གཏམ་བཤད་རྒྱུན་མར་བཏང་ཞིང༌། བར་ལམ་ཞིག་ནས་གྲྭ་པ་དང་ཨ་ནེ་བྱེད་འདེད་མེད་རིགས་ཚོ་མཉམ་དུ་གཉེར་སྒྲིག་བྱས་ན། དགོན་པའི་ནང་ནས་ཁྱིམ་གཞིས་བཟུང་བྱེད་ཀྱི་བཅའ་དངོས་ཆ་ཚང་རེ་སྤྲོ་རྒྱུ་ཡིན་ལུགས་དང༌། ད་རེས་རང་འགུལ་གྱིས་གོ་སྐབས་འདི་བེད་སྤྱོད་མ་གཏོང་ན་ཕྱི་ཆད་འདི་འདྲ་རང་དབང་ཐོབ་དཀའ་ལུགས་སོགས་ཀྱི་འགྲེལ་བཤད་ཡང་ཡང་རྒྱབ་པར་མ་ཟད། མཚམས་ཤིག་ནས་དགོན་པའི་ནང་ཚོགས་འདུ་གྲོལ་བ་དང་འདུ་ཁང་ནང་རྔ་སྦུབ་གཉིས་སུྦབ་ཚའ་ཚའ་ཞེས་གང་བྱུང་དུ་རྡུང་ནས་གྲྭ་པ་དང་ཨ་ནེ་ཚོར་ཞབས་བྲོ་འཁྲབ་བཅུག་པ་དང་མཛའ་གཞས་གཏོང་བཅུག། མགོ་མཇུག་གང་ཡང་མེད་པའི་ཞབས་བྲོ་འདི་ལ་གྲྭ་པ་ཚོས་སྦུབ་ཚའ་ཚའ་ཞེས་བཏགས་འདུག །སྐབས་དེ་དག་ཏུ་ནག་ཁུངས་ནང་མཉམ་འཛོམ་ཡང་ཡང་བྱེད་བཅུག་པ་དང༌། ཞབས་བྲོ་འཁྲབ་སྐབས་གློ་བུར་དུ་གློག་བསད་པ་སོགས་གྲྭ་བཙུན་རྣམས་སྐྱ་སར་བབ་པའི་ཐབས་ལམ་ཡོད་རྒུར་བཏོན་པས་བསམ་བློ་བརྟན་པོ་དེ་ཙམ་མེད་པའི་གྲྭ་པ་དང་བཙུན་པ་མི་ཉུང་པ་ཞིག་རིམ་པར་བཞིན་སྐྱ་སར་བབ་ནས་དགོན་པའི་རྒྱུ་རྫས་གང་རག་རེ་གསོ་རས་བླངས་ཏེ་ཁྱིམ་གཞིས་བཟུང་མཁན་ཡང་བྱུང་ཞིང༌། གྲྭ་བཙུན་ཕལ་ཆེ་བ་ནི་བརྟན་པོར་བསྡད་པས་འགུལ་སྐྱོད་ལས་བྱེད་པ་ཚོས་བྱ་ཐབས་གང་ཡང་མེད་པར་སྐྱ་སར་བབ་ཟིན་པ་དེ་ཚོར་བསྔགས་བརྗོད་བཏང༌། དེ་ནས་རིམ་པར་བཞིན་དགོན་སྡེ་ཁག་གི་གྲྭ་བཙུན་མཁྱེན་ཡོན་དང་ཉམས་ལེན་བཟང་རིགས་མང་ཚོགས་ཀྱི་དད་པ་དང་དོ་སྣང་སྦྱང་ས་གཙོ་བོ་དེ་རིགས་མང་ཚོགས་དང་ཁ་འཕྲལ་ཏེ་ཟུར་དུ་བཀག་ཉར་བྱས་པ་ཕུད། དེ་བྱིངས་གྲྭ་བཙུན་དཀྱུས་མ་ཕལ་ཆེ་བ་རང་གནས་སུ་ལོག་ནས་མང་ཚོགས་དང་མཉམ་དུ་ངལ་རྩོལ་བྱེད་རྒྱུ་ལས་དགོན་པའི་ནང་བསྡད་ས་མེད་པར་བཟོས། དེ་ལྟར་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་གྲྭ་བཙུན་ཕལ་བོ་ཆེ་རང་གནས་སུ་ལོག་ནས་མང་ཚོགས་དང་མཉམ་དུ་མཉམ་ལས་རུ་ཁག་ལ་ཞུགས་ནས་གྲྭ་ཆས་ལྟ་ཞོག་ལུས་ལ་དམར་སེར་གྱི་མཚོན་མདངས་ལྡན་པའི་གོས་ཆས་རིགས་ཙམ་ཡང་གོན་མི་ཆོག་པར་ཁྱིམ་པ་དང་རྟགས་མཚུངས་པའི་བཟའ་གོས་དགོས་པ་བཟོས། བར་མཚམས་ཤིག་ནས་ཧོར་ཁོག་ལུང་པའི་ནང་གི་དགོན་པ་གྲྭ་ཚང་ཁག་གི་བླ་སྤྲུལ་དགེ་བཤེས་ཚོ་དང་ལུང་པའི་དཔོན་ཁག་ཀུན་ལྷ་འདྲེ་གདོན་བགེགས་ཀྱི་གྲལ་ལ་བཞག་ནས་ཤོག་ཞྭ་གཡོག་པ་དང་ཁྲམ་སྐོར་འཁྲིད་པ་ཚོགས་འདུའི་ནང་རྡུང་བསྡེགས་བཏང་བ། རང་ཉེས་ངོས་ལེན་བྱེད་བཅུག་པ་སོགས་མི་སྤྱོད་ལས་འདས་པའི་བྱ་ངན་འདྲ་མིན་སྤེལ་བ་སོགས་མདོར་ན་འཇིག་རྟེན་གྱི་དཔེར། ནད་པ་སྨྱོ་ན་གཅོད་པས་བཅོས། གཅོད་པ་སྨྱོ་ན་བཅོས་མེད་རེདཟེར་པ་ལྟར། མི་དམངས་སྨྱོ་ན་ཁྲིམས་ཀྱིས་བཅོས།།རྒྱལ་ཁབ་སྨྱོ་ན་བཅོ་མེད་ཡིན་པས། མའོ་རང་གི་དབང་ཆའི་འཐབ་རྩོད་ཀྱི་ཁེ་དབང་གཅིག་པོའི་དོན་དུ་ཀྲུང་གོ་རྒྱལ་ཡོངས་སྨྱོ་རྒོད་མེ་ལྟར་འབར་བའི་གནས་ལ་བཀོད་པ་དེ་ཉིད་དུས་ཕྱིས་རང་ཉིད་ཚེ་ཡི་དུས་བྱས་པའི་རྗེས་རླབས་ཆེན་མི་སྣ་ཏིང་ཤོའུ་ཕེང་གིས་གཞི་ནས་བསད་ཐུབ་ཙམ་བྱུང༌། ། བྱ་བྲལ་གྲུབ་པའི་དབང་ཕྱུག་དགེ་བའི་བཤེས་ཆེན་པོ་བསྟན་པ་རྒྱལ་མཚན་རིན་པོ་ཆེ་སྤྱི་སྒོ་རྒྱབ་གཟིམས་ཆུང་ནས་སྐེ་ལ་ཐག་པ་བཏགས་ཏེ་ནག་ཉེས་སྣ་གཅིག་ཀྱང་བགྲང་རྒྱུ་མེད་པར་དཀར་མཛེས་མི་དམངས་ཁྲིམས་ཁང་དུ་ཁྲིད་ནས་དུས་བཀག་བཙོན་འཇུག་བྱས་པ་དང༌། སེར་བྱེས་མཁས་མང་གྲྭ་ཚང་གི་མཁན་ཆེན་དམ་པ་གྲུབ་དབང་བློ་བཟང་ནོར་བུའི་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཁང་དམར་བློ་བཟང་ཐུབ་བསྟན་དཔལ་ལྡན་རྒྱ་མཚོ་དང༌། རྒྱུད་སྨད་མཁན་ཆེན་ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་མཆོག་གི་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གཉིས་ཀ་རང་ཡུལ་དཀར་མཛེས་དང་ཁ་འཕྲལ་ནས་རང་བྲག་རྫོང་དུ་རྒྱང་འབུད་བྱས། དགའ་ལྡན་ནག་ཚང་སྐུ་ཕྲེང་བདུན་པ་སྤྲུལ་པའི་སྐུ་རིན་པོ་ཆེ་བྱམས་པ་ངག་དབང་གྲོང་སྡེ་ནས་ཕུད་དེ་རྒྱ་ཡི་ཚལ་ཞིང་ནང་གཅིན་སྐྱག་དབོར་བཅུག་པས་མཚོན། མི་རིགས་ལ་བརྙས་བཅས་དང་མང་ཚོགས་ཀྱི་བདེ་འཇགས་འཕྲོག་པའི་བྱ་ངན་སྤྱོད་ངན་བློ་ཡུལ་ལ་མི་ཤོངས་པར་བྱས་པ་སོགས་བསམ་མི་ཕོད་པའི་ཚོད་ཀྱིས་བསྟན་པ་རིན་པོ་ཆེ་དང་དེ་འཛིན་དགེ་འདུན་བཅས་པར་དམའ་འབྱིན་པ་དང་ལྷ་མགོ་བཅག དགོན་རྐུབ་ཕུད་པ་སོགས་ཀྱི་ལོ་རྒྱུས་ཤིན་ཏུ་རིང༌། ཡ་ང་བའི་རྒྱུད་རིམ་དེའི་ཁྲོད་ནས་རྗེ་དམ་པ་འདི་ཉིད་འཁྲུངས་ཁྱིམ་དུ་ཕྱིན་བཏང་བྱུང་བ་དང་གོང་རིམ་གྱི་འཆར་འགོད་བཞིན་འབྲུ་མངའ་གྲོང་པའི་ནང་གྲོང་མི་ཚོ་དང་ལྷན་དུ་མཉམ་ལས་ངལ་རྩོལ་ལ་ཕེབས། མཉམ་ལས་ངལ་རྩོལ་ཟླ་ཤས་གནང་རིང་རྒྱུན་དུ་ཕྱུ་བའི་ནང་དུ་ཐང་གོས་བསྣབས་རྐྱང་མཛད་ཅིང༌། སྐབས་འགར་ཕྱུ་བའི་འོག་ནས་ཐང་གོས་བུད་ཡོད་པར་གྲོང་མི་ལས་རོགས་ཚོས་ཕྱུ་བ་སྐེད་རགས་ལྷུགས་འདུག་ཅེས་བརྡ་སྤྲོད་པ་སོགས། གྲོང་སྡེ་འདིའི་ནང་བླ་མ་དམ་པ་འདིའི་བཀའ་དྲིན་གྱིས་བསམ་འཆར་མཐོན་པོ་གཅིག་ཀྱང་མེད་པས་གྲོང་སྡེ་གཞན་ལས་ལྷིངས་འཇགས། མཉམ་ལས་ངལ་རྩོལ་ལ་ཞུགས་རིང་ངོ་ལྐོག་མེད་པར་ལས་ཀ་ལ་ཤིན་ཏུ་ཧུར་པས་གྲོང་མི་ཚོ་དགེ་རྒན་དམ་པ་འདི་ཉིད་ལ་དད་པ་ལྷག་ཏུ་འཕེལ། དགུང་ལོ་སོ་དགུ་པ་མེ་ལུག་༡༡༦༧ལོར་རྒྱ་ནག་དབུས་གཞུང་གི་མཐོ་རིམ་མི་སྣ་ཚོ་ནང་ཕན་ཚུན་དབང་ཆ་འཕྲོག་རེས་ཀྱི་རླུང་འཚུབ་ལྡང་བའི་མགོ་ཚུགས་ཏེ། རིམ་བཞིན་བོད་རང་སྐྱོང་ལྗོངས་དང་མདོ་སྟོད་སྨད་གང་སར་ལས་འགུལ་དེས་ཁྱབ། དེ་ཡང་ཤིང་ཙོའུ་པའུ་དང་ཕའོ་ཧཕུ་ཐའོ་ཞེས་པའི་ཚོགས་པ་གཉིས་ལངས་ནས་ཕན་ཚུན་ཕྱོགས་འཛིན་གྱི་འགལ་བ་ཇེ་ཆེར་ཕྱིན། ཉེས་མེད་མི་སྣ་མང་པོ་དོན་མེད་ཚེ་སྲོག་ཤོརབ་སོགས་རྙོགས་འཛིངས་ཤིན་ཏུ་ཆེ་བ་བྱུང༌། རྗེ་བླ་མ་དམ་པ་འདི་ཉིད་ཀྱིས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཟབ་ལམ་བལ་མ་མཆོད་པ་ལས། སྣོད་བཅུད་སྡིག་པའི་འབྲས་བུས་ཡང་གང་སྟེ།། མི་འདོད་སྡུག་བསྔལ་ཆར་ལྟར་བབ་གྱུར་ཀྱང༌།། ལས་ངན་འབྲས་བུ་ཟད་པའི་རྒྱུར་མཐོང་ནས།། རྐྱེན་ངན་ལམ་དུ་ལོག་པ་བྱིན་གྱིས་རླབས།། ཞེས་སོགས་བཀའ་གདམས་གོང་མ་ཚོའིཉམས་ལེན་རྣམས་གནད་དུ་འཁེལ་བ་གནང༌། རྒྱུན་ལྡན་བཞིན་གྲོང་སྡེ་ཡུལ་མི་ཚོ་དང་མཉམ་དུ་མཉམ་ལས་ཞིང་ཁ་སོགས་སུ་ཧུར་ཐག་གིས་ལས་ཀ་གནང༌། བར་མཚམས་ཤིག་ནས་ཡུལ་མི་ཚོས་འཚེ་སྣང་ཆེན་པོ་བྱས་ཏེ་ཁོང་ཚོ་དང་མཉམ་དུ་ངལ་ལས་རུ་ཁག་ལ་ཞུགས་ན་སྐབས་འགར་སྡིག་པ་གསག་གཞིར་འགྱུར་དོགས་དང༌། དེ་འདྲའི་ཚོགས་ངན་མི་གསག་པ་དང་རྗེ་དམ་པ་འདི་ཉིད་ཀྱང་ཐུགས་དམ་མཉམ་བཞེས་གང་ལེགས་ཡོངས་ངེས་སྙམ་པའི་མ་གྲོས་གཅིག་མཐུན་གྱི་ཀུན་སློང་ཐོག་ནས་མཉམ་ལས་ཁང་གི་ལུག་རྫི་ལ་བཞག རི་ཁར་ལུག་རྫིར་ཕེབས་པའི་སྐབས་ལམ་རིམ་ཕྱག་དཔེ་བསྣམས་ནས་གད་ཁུག་དང་བྲག་ཕུག་ངེས་མེད་དུ་བཞུགས་ནས་དཔེ་གཟིགས་གནང༌། བར་ལམ་ཞིག་ནས་འགུལ་བསྐྱོད་པ་དང་ཧུར་བརྩོན་པའི་སློབ་གསོ་འོག་མ་ཚུད་པའི་གཞོན་ནུ་དོན་གཉེར་ཅན་ལམ་འོག་ཚང་བསོད་ནམས་བཀྲ་ཤིས་སོགས་སྐལ་ལྡན་ལས་འཕྲོ་ཅན་གྱི་སློབ་མ་འགའ་ཞིག་སྲིད་ཇུས་དམ་པོ་དེའི་ནང་དུ་དུས་ཚོད་ནམ་ཁོམ་ལ་རྗེ་བླ་མ་དམ་པའི་སྐུ་མདུན་དུ་བཅར་བར་སྦྱོར་ཆོས་དང་སྐྱབས་འགྲོ། ལས་འབྲས། རྟེན་འབྲེལ་བཅུ་གཉིས་སོགས་བློ་སྦྱོང་མང་པོ་ཞལ་ཁྲིད་གནང༌། དེ་ནས་རིམ་བཞིན་ན་རོ་མཁའ་སྤྱོད་དབང་མོའི་བྱིན་རླབས་སྙིང་གར་རོལ་བའི་རྣལ་འབྱོར་ཆརན་མོ་རིན་ཆེན་ལྷ་མོ་སོགས་ཀྱང་སྐབས་འདི་ཙམ་ནས་རྗེ་བླ་མ་དམ་པའི་ཞབས་ལ་བསྟེན་ནས་མདོ་སྔགས་ཆོས་ཀྱི་བདུད་རྩིའི་བགོ་སྐལ་ཉམས་སུ་བསྟར་བ་ཡིན་ནམ་སྙམ། གང་ལྟར་ཡང་ཁ་འགུལ་ན་མ་ཎི་འདོན་དོགས་དང༌། ལག་འགུལ་ན་ཕྲེང་བ་བགྲང་དོགས་ཀྱིས་ཆོས་སྒྲ་རྣ་བ་ལ་གོ་ས་མེད་པའི་སྲིད་ཇུས་དམ་པོ་དེ་འདྲའི་འོག་ཏུ་ལུས་སྲོག་ལ་མི་བལྟ་བར་སྔ་ཕྱི་རིམ་བརྒྱུད་ཀྱིས་བཅར་བའི་སློབ་མ་ཤིན་ཏུ་མང་པོ་ལ་དམ་པའི་ཆོས་ཀྱི་བགོ་སྐལ་རྒྱ་ཆེར་འགྱེད་པ་འདི་ཙམ་གྱིས་ཀྱང་བསྟན་འགྲོའི་དོན་དུ་བསམ་བཞིན་སྐྱེ་བ་བཞེངས་པའི་བདག་ཉིད་ཆེན་མོ་ཉིད་དུ་གོ་མ་ཆག་གོ། སྐབས་དེ་དག་ཏུ་ཞོགས་པ་རྒྱུན་ལྡན་ཆུ་ཚོད་བཞི་པ་ཡན་མན་ལ་ཡར་བཞེངས་ནས་སྐྱབས་སེམས་དགའ་ལྷ་སོགས་སྔོན་དུ་བཏང་ནས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་འཇུག་འཆག་མེད་ལེན། སྐྱ་རེངས་ཤར་བ་དང་ཞོགས་ཇ་མཆོད་ཏེ་མཉམ་ལས་སྤྱྀ་བའི་ལུག་འཚོ་མཁན་རི་ཁར་ཕེབས། སྐབས་འགར་མཚན་ཧྲིལ་པོར་དགེ་ཕྲག་དོན་གཉེར་ཅན་འགའ་རེ་ཡོང་པར་ལམ་རིམ་འཁྲིད་ནས་གཉིད་ཅུང་ཟད་ཙམ་ཡང་ཁུག་ལོང་མེད་པར་ཞོགས་པ་ཞལ་འདོན་ཚར་བ་དང་ལུག་རྫི་ལ་ཕེབས་དགོས་པ་དེ་འདྲ་ཡང་ཐེངས་མང་པོ་བྱུང་འདུག དགུང་ལོ་སོ་དགུ་པ་ས་སྤྲེལ་༡༩༦༨ལོར་སླར་ཡང་སྔར་གྱི་ཕྱོགས་ཁག་གཉིས་པོའི་འཐབ་རྩོད་རྒྱུན་འཆང་གི་ཟིང་ཆའི་རླུང་རླབས་ཤིན་ཏུ་ཆེ། རྗེ་བླ་མ་དམ་པ་འདི་ཉིད་སྔར་བཞིན་ལུག་རྫི་ལཕེབས་ཞོར་སསྐྱིད་སྡུག་ལེགས་ཉེགས་ཇི་ཞིག་བྱུང་ཡང་བཀའ་གདམས་གོང་མ་ཚོའི་ཉམས་ལེན་བློ་སྦྱོང་ལ་གཅིག་ཏུ་འབུངས། སྐབས་ཤིག་རྫོང་ཀླུ་ནང་ཨ་ཕ་ས་བདག་ཚང་གི་བུ་མོ་ཞིག་ལྷ་འདྲེའི་གནོད་པ་ལ྄ར་བུའི་ན་ཚ་ཞིག་གི་རྐྱེན་བྱས་ཏེགློ་བུར་དུ་དྲན་པ་ཉམས། གྲོང་པའི་མི་ཚོས་རྗེ་བླ་མ་དམ་པ་འདི་ཉིད་གདན་འདྲེན་ཞུས་པ་ལྟར་ཕེབས། ནད་པ་ཕྱི་དབུགས་ཆད་ཟིན་པས་ཡུལ་མི་དང་ནང་མི་ཚོ་མྱ་ངན་དང་སྡུག་བསྔལ་གྱི་ཆོ་ངེ་དྲག་པོ་སྒྲོག་བཞིན་འདུག་པར་རྗེ་ཉིད་ནད་པའི་སྔས་མགོར་བཞུགས་ཏེདམིགས་རྣམ་བརྟན་པོས་དགའ་ལྷ་སྡོན་དུ་བཏང་ནས་དམིགས་བརྩེ་མ་ཚར་གཉིས་པ་གསུང་པའི་སྐབས་ནད་པས་ཨ་ཞང་ཞེས་ཧོབ་སྟེ་སྐད་ཆེན་པོ་ཞིག་རྒྱབ་བྱུང༌། ཁོ་མོ་ལ་ཅི་བྱུང་དྲིས་པས། རྟ་ནག་ཞོན་མཁན་མི་ནག་ཅིག་གིས་མོ་མི་འདོད་བཞིན་དུ་རྟ་ཐོག་ལ་བཞག་སྟེ་མེ་ཏོག་ཁྲ་ལྷམ་མེར་ཡོད་པའི་སྤང་རི་ཞིག་གི་ལྡེབས་ལ་ཁུར་འགྲོ་སསྐབས་ཨ་ཞང་ཁྱོད་རང་གིས་ཕྱག་གཡབ་མོ་གནང་ནས་ཕྱིར་ཤོག། ཁྱོད་རང་གང་དུ་འགྲོ་བ་ཡིན། ཞེས་སྐད་བཏང་བ་ཐོས་པ་དང་མི་ནག་དེས་ང་རང་དེ་གར་བསྐྱུར་ནས་བྲོས་སོང༌། ཨ་ཞང་ཐུགས་རྗེ་ཆེ་ཞེས་ཟེར་ནས་ངུས། ཁྱིམ་མི་ཉེ་འབྲེལ་གྲོང་མི་བཅས་པ་རྗེ་དམ་པ་གང་ཉིད་ལ་མི་ཕྱེད་པའི་དད་པ་སླར་ཡང་འཕེལ། བྱུང་བ་འདི་ཉིད་གྲོང་སྡེ་འདིར་གྲགས་ཆེ་བ་མ་ཟད་རྗེ་བླ་མ་དམ་པས་དགའ་ལྷའི་བཀའ་འཁྲིད་གནང་སྐབས་པཎ་ཆེན་འདུལ་ནག་པ་དཔལ་ལྡན་བཟང་པོར་པེ་ཧར་རྒྱལ་པོས་ཁས་ལེན་ཇི་ལྟར་བྱས་ཚུལ་ལས་འཕྲོས་ཏེ་གཏམ་རྒྱུད་འདི་ཡང་ཡང་གསུངས་མྱོངས། ཡང་དུས་གཞན་གཞན་ཞིག་ཏུ་ཀླུ་སྦྱིན་ཞབས་ཚང་གི་བུ་མོ་བཀྲ་ཤིས་མཁའ་འགྲོ་ཆུང་ཆུང་ཡིན་པའི་སྐབས་ལྷ་འདྲེའི་ཆོ་འཕྲུལ་ལྟ་བུས་མྱི་ངོ་རང་ངོ་མི་ཕྱེ་བའི་འཆི་ལ་ཉེ་བ་ན། ཕ་མས་རྗེ་དམ་པ་འདིའི་དྲུང་དུ་ཁུར་བར་བཀའ་བསྒོ་ཐེངས་གཅིག་གནང་བ་དང་སོས་དྲག་ཏུ་སོང་ཚུལ་ཀླུ་སྦྱིན་ངོ་མ་ཚང་གི་ཨ་ཕ་པདྨ་རིག་འཛིན་གྱི་ངག་ནས་ཁོ་བོས་དངོས་སུ་ཐོས། དགུང་ལོ་བཞི་བཅུ་ཞེ་གཅིག་པ་ས་བྱ༡༩༦༩ལོར་ཏང་གི་ཚོགས་ཆེན་དགུ་པ་ཚོགས་ཤིང་ལོར་དེར་རྒྱ་ནག་གཞུང་དང་ཨུ་རུ་སུ་དབར་ས་མཚམས་ཀྱི་འཁྲུགས་རྩོད་ཤོར་བ་དང༌། བོད་ནང་ཁུལ་དུ་ཁྱུང་པོ་སྟེང་ཆེན་དང༌། དཔལ་འབར་རྫོང༌། སྙེ་མོ་རྫོང༌། གཞིས་རྩེ། རྣམ་གླིང༌། བཞད་ཐོགས་མེད། ལྷ་རྩེ། ངམ་རིང༌། ཀོང་པོ་འབྲི་རུ་སོགས་གང་ས་ནས་སྡུག་ནད་མ་ཆོག་པར་སྲིད་གཞུང་ལ་གྱེན་ལོག་བྱས་ཚུལ་ལ་བསྙད་དེ་བཙོན་འཇུག་རྡུང་བརྡེབས་ཚབ་ཆེར་མྱོང་བ་སོགས་འཇིག་རྟཻན་སྲིད་པའི་རང་མཚང་རྗེན་པར་ཤར་བར་བཀའ་གདམས་གོང་མ་ཚོའི་ལེགས་བཤད་དག་ལ་ལྷག་པར་དད་པས་རྐྱེན་ངན་ལམ་ཁྱེར་གྱི་ཉམས་ལེན་དབྱར་མཚོ་དང་སྟོན་ཟླ་ལྟར་འཕེལ། དགུང་ལོ་ཞེ་གཉིས་པ་ལྕགས་ཁྱི༡༩༧༠ལོ་ཡན་མན་ལ་མཉམ་ལས་ལུག་རྫི་ལས་གནས་འཕོས་ཏེ་ཨ་མེས་གྲོང་གི་ལྕང་སྲུང་དུ་བཞག་འདུག དེ་ཡང་བར་ལམ་ཞིག་ལ་ཨ་མེས་གྲོང་པའི་ལྕང་རྭ་སྲུང་མཁན་མི་ཞིག་ཡོད་པ་དེའི་ལྕང་སྲུང་ཁང་དུ་མཚན་མོར་གཟུགས་མི་མངོན་པའི་གྲིབ་གཟུགས་ཤིག་འཛུལ་འོང་བ་དང༌། རྒྱུན་ལྡན་སྒོ་འགྲམ་ནས་གཟུགས་མི་མཐོང་བའི་རྟ་དྲེལ་མང་པོ་དེད་འགྲོ་བའི་སྒྲ་གསལ་པོར་གོ་རྒྱུ་ཡོད་པར་བརྟེན། ལྕང་སྲུང་དེ་ཉིད་ཤིན་ཏུ་སྐྲག་ནས་བསྡད་མ་ཕོད་པར་མཉམ་ལས་མགོ་འཁྲིད་ལ་ལྕང་སྲུང་དགོངས་པ་ཞུ་མཁན་བཅར། བསྡད་མི་ཕོད་པའི་རྒྱུ་མཚན་ཡང་གསལ་བཤད་མི་ཕོད་པ་མགཏོགས་ལྷ་འདྲེ་གདོན་བགེགས་ཀྱི་འཕྲུལ་ཡིན་པར་ཤེས་རྗེས་མཉམ་ལས་འགོ་འཁྲིད་ཀྱིས་རྗེ་བླམ་འདི་ཉིད་ལྕང་སྲུང་ལ་བཞུགས་ན་ལུག་རྫི་ཕེབས་པ་ལས་དཀའ་ལས་ཆུང་བ་དང༌། ལྐོག་ནས་གདན་འདྲེན་ཞུ་མཁན་ཚོ་ལའང་སྟབས་བདེ་བ། ལྕང་སྲུང་གཞན་པ་ཞིག་བཞག་ན་ལྷ་འདྲེའི་གནོད་པ་མི་ཡོང་བའི་ངེས་པའང་མེད་པ་བཅས་ལ་བརྟེན་ནས་རྗེ་འདི་ཉིད་ལྕང་སྲུང་ལ་བསྐོ་བཞག་བྱས་འདུག ལྕང་སྲུང་བཞུགས་པའི་ཉིན་དང་པོ་དེར་ཁང་ཆུང་དེའི་ཕྱི་ནང་གཉིས་སུ་འདམ་བག་གིས་འཇུམ་བྱུགས་སྟབས་བདེ་ཞིག་གནང༌། དེའི་མཚན་མོར་མི་ཆེན་པོ་ཞིག་གཟིམས་ཆུང་ནང་དུ་འཛུལ་འོང་བའི་སྣང་བ་བྱུང༌། ཞོགས་པ་གཟིགས་དུས་འདམ་བྱུགས་སྟེང་ལ་ཆེ་ཆུང་གྲུ་གང་ལྷག་ཡོད་པའི་གནའ་བོའི་ཁུ་ལིང་རྒྱ་ལྷམ་གྱི་རྗེས་གསལ་པོར་ཞིག་གཞག་འདུག་པ་དེ་ཉིད་རྗེས་སུ་བལྟ་དུས་ཤར་ཕྱོགས་དགྲ་ལྷ་ཡར་ཕེབས་མར་ཕེབས་གནང་བ་རེད་འདུག་གསུངས། ས་ཕྱོགས་དེ་ཉིད་ཤར་ཕྱོགས་དགྲ་ལྷའི་བཙན་ལམ་འཁེལ་ཡོད་པས་མཚན་མོ་རྟག་པར་དྲེལ་པ་བཤར་བའི་གཡེར་ཁའི་སྒྲ་སོགས་གོ་རྒྱུ་འདུག་པ་མ་ཟད། མཚམས་མཚམ་ས་ནས་རྗེ་བླ་མ་དམ་པ་ཉིད་ཀྱི་མདུན་དུ་གཅར་ནས་གུས་ཕྱག་བྱེད་པའི་ཉམས་སྣང་ཡང་ཡང་ཡོང་གི་ཡོད་འདུག ལྕང་སྲུང་བཞུགས་པའི་སྐབས་དེར་སྲིབ་ངོ་སོགས་ཉེ་འཁོར་གྲོང་སྡེ་ཁག་དུ་མ་ནས་དོན་གཉེར་ཅན་གྱི་ཞལ་སློབ་དུ་མ་ལྐོག་བཅར་བྱེད་མཁན་བྱུང་བ་དེ་རིགས་ལ་ཉིན་མཚན་ནམ་ཁོམ་གྱིས་སྦྱོར་ཆོས་སྐལ་བཟང་མགྲིན་རྒྱན་དང༌། དགའ་ལྡན་ལྷ་བརྒྱ་མ། ལམ་རིམ་སོགས་གང་ལ་དེ་འཚམས་ཀྱིས་ལྐོག་ཆོས་རྒྱ་ཆེར་སྤེལ། རིག་གནས་གསར་རྗེ་འི་རྩ་ཁྲིམས་ཧ་ཅང་དམ་པོའི་འོག་གནས་ཚུལ་འདི་རིགས་ཕྱི་གྱལ་སོང་ན་ཤི་གསོན་དབྱེ་ཐག་མི་ཆད་པའི་ཉེས་རྡུང་དང་ཁྲིམས་ཆད་ཕོག་རྒྱུ་ཡིན་ནའང་གྲོང་ལྟག་ཞབས་ཀྱི་ཡུལ་མི་ལ་ན་ཚ་ཤི་གད་བྱུང་རིགས་དག་གིས་མཚན་མོར་ལྐོག་ནས་ཡར་མར་གདན་དྲངས་པ་ན། རང་ཉིད་བློས་བཏང་གིས་ཕེབས་རྐྱང་གནང་ནས་བསྔོ་སྨོན་དང་གསོལ་འདེབས་རྒྱ་ཆེར་མཛད་པས། སྡེ་པས་རྗེ་ཉིད་གསོན་པོའི་སྐྱབས་འཇུག་ཞུ་ས་དང་ཤི་བོའི་རྣམ་ཤེས་བཅོལ་ས་ཉག་གཅིག་ཏུ་གྱུར། ཡང་དུས་གཞན་ཞིག་དུ་ཇོ་འོང་ནང་པ་སྐལ་བུ་ཟེར་བའི་གྲྭ་པ་ཞིག་གློ་བུར་དུ་ལྷ་འདྲེའི་གནོད་པ་ལྟ་བུས་རིག་འཚོ་མི་ཟིན་པར་གྱུར་ཏེ། ང་ནག་ཅན་ཉེས་ཅན་ཁྲིམས་འགལ་བྱེད་མཁན་ཡིན་ཟེར་ནས་རྒྱུ་མཚན་མེད་པའི་སྐད་མེད་པའི་སྐད་ཆ་གང་བྱུང་དུ་བཤད་པ་དང༌། སྟོན་ཁ་ཞིག་ལ་དཀར་མཛེས་སྤྱི་བདེ་ཅུས་ཀྱི་སྒོ་རྩ་ལ་ཡོང་ནས། ང་འཛིན་བཟུང་བྱེད་རོགས། ང་ཉེས་ཅན་ཡིན། ནམ་མཁའ་ནས་ལྷ་འདྲེ་གདོན་བགེགས་ཚོས་ང་སྡོད་བཅུག་གི་མི་འདུག ཅེས་འབོད་པ་འཐེན་པ་སོགས་བྱས། ཉིན་ཤས་རྗེས་ཁོས་སྐེད་གྲི་འདོམ་པ་གང་ཙམ་པ་ཞིག་ལག་ཏུ་ཐོགས་ནས་ཇོ་ཁང་ནང་པའི་མཉམ་ལས་ཁང་སྲུང་བའི་ནང་དུ་འཛུལ་ཏེ་རྫིག་རྫིག་བྱེད་བཞིན་པའི་སྐབས། གཡུར་ར་ནང་ཡོད་པའི་མཉམ་ལས་མཛོ་རྫིས་ས་སྣུམ་ལྕགས་དམ་ཆེན་པོ་ཞིག་གི་སྒང་ལ་འཛེགས་ནས་ལྐོག་ལྟ་བྱེད་པ་དང་ལྕགས་དམ་གྱི་སྒྲ་གོ་བས་ཁོས་ཀི་ཤར་བྱེད་བཞིན་སྐེད་གྲི་གྱེན་ལ་འཕྱར་ནས་མཛོ་རྫི་དེད་ནས་རྒྱུགས་པས། སྟོན་ཁ་ཞིང་ནང་མཚན་སྲུང་བ་ཚོའི་གམ་དུ་སླེབས། དེ་དག་བྱ་ཚང་ལ་རྡོ་ཕོག་པ་ལྟར་འགའ་རེ་རྐང་སྣམ་དོ་ཡ་ཙམ་རེ་གོན། འགའརེ་སྐེད་རགས་བཅིངས་ལོང་མེད་པར་སྦོ་ལུག་མ་བྱས། འགའ་རེ་གོས་གྱོན་མེད་པར་དམར་ཧྲིང་གིས་ཕྱོགས་གང་སར་བྲོྃསནས་འཐོར། གྲོང་ལྟག་ཞབས་ཡོངས་རྫོགས་འུར་འཁྱིལ་ལེར་སོང༌། བར་མཚམས་ཤིག་ནས་ཁོ་བའི་སྲིང་མོ་ཞིག་ཡོད་པ་དེ་ངུ་ནས་ཁོ་བ་ལ་འཇུས་པས། གཞི་ནས་ཁ་ལ་ཉན་ཙམ་བྱུང༌། དེ་ནུབ་ནས་ཁོ་བ་ཁང་པའི་ནང་དུ་བཙུད་ནས་བཞག ཕྱི་ཉིན་རྗེ་འདི་ཉིད་གདན་འདྲེན་པ་བྱུང་ཡང་ནད་པ་ཞིག་ལ་བཀའ་བསྒོ་གནང་རོགས་ཞུས་པ་ཙམ་ལས་སྨྱོན་པ་ཛ་དྲག་དེ་འདྲ་ཡིན་ཚུལ་གང་ཡང་མ་ཞུས་པས། རྗེ་ཉིད་ཐུགས་རྟོག་གང་ཡང་མེད་པར་ཇོ་འོང་ནང་སྨྱོན་པའི་ཁྱིམ་དུ་ཕེབས། གྲོང་མི་ཚོས་གསལ་བཤད་གང་ཡང་མ་བྱས་པར་སྨྱོན་པ་བཙུད་ས་དེར་ཕེབས་བསུ་ཞུས་པ་དང་གཞན་མ་སུ་ཡང་ཁང་ཆུང་དེའི་ནང་ཡོང་མཁན་མེད་པས་སྨྱོན་པ་དང་རྗེ་གཉིས་གཅིག་པུར་གྱུར། སྨྱོན་པས་རྗེ་ཉིད་མཇལ་མ་ཐག་སྤུས་མོ་བཙུགས་མགོ་བོ་སྒུར་ནས་ཅི་ཡང་མི་སྨྲ་བར་བསྡད། སྐབས་དེར་རྗེ་ཉིད་ཀྱིས་སྐལ་བུ་སྨྱོ་ནས་ཡོད་པ་གཞི་ནས་མཁྱེན། ཡི་དམ་ལྷའི་གསལ་སྣང་གི་ང་རྒྱལ་དང་བཅས། ཞལ་ནས་ཁྱོད་རང་གྲྭ་བ་ཡིན་བཞིན་དུ་རང་སེམས་རང་གིས་འཚོ་སྐྱོང་མི་བྱེད་པ་འདི་གྲྭ་པའི་ཞབས་འདྲེན་རེད། ཞབས་འདྲེན་པ་ཁྱོད། རྒྱུན་ལྡན་ཁ་འདོན་དགེ་སྦྱོང་དང་ལམ་རིམ་བློ་སྦྱོང་བྱེད་པ་དེ་ཚོ་སེམས་རྒྱུད་སྟངས་འཛིན་བྱེད་ཐབས་དྲག་ཤས་དེ་རེད། ཆོས་དང་སེམས་རྒྱུད་མ་དྲེས་པའི་ལོན་པ་རེད། སྲིང་མོ་དང་གྲོང་མི་ཚོ་ལ་དཀའ་ལས་ག་ཚོད་བཟོས་འདུག ཆོས་པ་དང་གྲྭ་པའི་ཞབས་འདྲེན་རེད། ཅེས་གཤེ་གཤེ་རིང་ཐག་གཅོད་ཅིག་བཏང་པས། བར་མཚམས་ཤིག་ནས་སྨྱོན་པས་དྲན་ཤེས་རྙེད་པ་ལྟ་བུས་མགོ་བོ་འཕུར་ཙམ་འཕུར་ཙམ་དང་ལྕེ་ནར་ཙམ་ནར་ཙམ་བྱས་ནས། དགེ་རིན་པོ་ཆེ་དགོངས་པ་དྭངས་རོགས་ཞེས་ཞུས་ནས་ཞུམ་ཞུམ་བྱས། ད་བཟོད་གཞི་ནས་གྲོང་པའི་མི་ཚོ་ནང་ལ་འཛུལ་ཡོང་ནས་རྗེ་ཉིད་ལ་བལ་སྟན་ཞིག་གཏིང་བྱུང་བ་དེའི་སྟེང་དུ་བཞུགས། ནད་པའི་སྲིང་མོ་དེས་འོ་ཇ་དཀར་ཡོལ་གང་དྲངས་བྱུང་བ་དེ་ཉིད་བཞེས་ཏེ། སླར་ཡང་ནད་པ་ལ་ཕྱི་ཆད་སེམས་ཁམས་མི་བདེ་བ་བྱུང་ཚེ་བླ་མའི་རྣལ་འབྱོར་དང་གཏོང་ལེན་སོགས་འདི་དང་འདི་འདྲ་སྒོམ་དགོས་ཞེས་ཞལ་ཏ་གནང༌། རྗེ་རང་གི་ཞལ་ནས་ཀྱང་ཇོ་འོང་ནང་པའི་གྲོང་མི་ཚོས་མ་བཤད་པས་སྐལ་བུ་སྨྱོན་པ་ཡིན་མིན་མ་ཤེས་པར་ཁང་པའི་ནང་དུ་འཛུལ་ལུགས་དང་སྐབས་དེར་ཅི་བྱེད་འདི་བྱེད་ཀྱི་ཐབས་གཞན་མ་རྙེད་པར་གཤེ་གཤེ་དང་བྱུང་དུ་བཏང་བས། ལམ་འགྲོ་འདྲ་ཞིག་རྒྱུགས་ནས་བར་མཚམས་ཞིག་ལ་དགེ་རིན་པོ་ཆེ་དགོངས་དག་ཞེས་ཡང་ཡང་ཟེར་ཚུལ་ལན་ཁ་ཡར་དུ་ཐོས། དེ་དང་དེས་མཚོན་ནས་རྗེ་བླ་མ་དམ་པ་འདིའི་བྱིན་རླབས་ནུས་པ་དང༌། བྱམས་བརྩེ་འཇུག་པའི་བདེན་ཚིག་ལ་བརྟེན་ནས་གཟུགས་ཅན་གཟུགས་མེད་ཀྱི་འགྲོ་བ་མང་པོའི་དོན་བྱེད་ཚུལ་འགོང་ཆེ་བ་དུ་མ་སྣང་ཡང་ལོ་རྒྱུས་ཆ་ཆང་བ་ཞིག་དྲན་ལམ་དུ་མེད་པས་མི་ཆོས་བླ་མའི་རྫུན་དང་སསློབ་མས་བླ་མ་ཟོག་པོར་གཏང་རྒྱུའི་ཉེན་ལ་སྐྲག་ནས་འབྲི་བ་རྔོ་མ་ཐོགས་ཤིང༌། རྗེས་ནས་ཁུངས་འཕེར་གོ་ཐོས་བྱུང་རིགས་རྣམས་འོག་ཏུ་འགོད་ཆོག་པ་ཞུ། སྐབས་འདི་དག་གི་ཡན་མན་དུ་མའོ་ཙེ་ཏུང་གི་དགོངས་པ་ཡིན་ཚུལ་གྱིས་ཉིན་མོ་ལས་ཀ་སོང་ནས་དགུང་ཟས་ཟ་ལོང་ཡོད་མེད་ཀྱིས་མཚན་མོ་སློབ་གྲྭ་ཞེས་པ་ཚོགས་ནས་མང་ཚོགས་ལུས་སེམས་གཉིས་ཀ་དཀའ་ལས་ཅི་བས་ཆེ་བ་བྱུང༌། དགུང་ལོ་ཞེ་གསུམ་པ་ལྕགས་ཕག་༡༩༧༡ལོར་ཧོར་ཁོག་ཏུ་ས་གཡོ་ཡང་ཡང་བྱུང་ཞིང་ལྷག་པར་བྲེ་བོ་དང་བྲག་མགོ་ཁུལ་དུ་མི་བརྒྱ་ཕྲག་མང་པོ་བསད་རྨས་བྱུང་བ་སོགས་སེམས་མེད་འབྱུང་བ་ཆེས་ཆེར་འཁྲུགས་པར་བླ་མ་དང་ལྷག་པའི་ལྷ་ལ་གསོལ་འདེབས་དང་ཐུགས་སྨོན་ཤུགས་དྲག་གནང༌། ལུང་པའི་ཕུ་འདའ་རྣམས་སུ་ལྟོ་གོས་ཀྱིས་མི་འདང་བའི་ཉམ་ཐག་ཤིན་ཏུ་མང་ན་ཡང་ཐུགས་སྨོན་གནང་རྒྱུ་ཙམ་ལས་ཐབས་གཞན་ཟད། ལོ་འདིའི་ཟླ་བ་དགུ་པའི་ཚེས་བཅུ་གཅིག་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲང་ལི་གཞོན་པ་ལིན་པེའོ་ནང་མི་ལྟོས་བཅས་མའོ་ཙེ་ཏུང་དང་མ་འགྲིགས་ནས་ཕྱི་རྒྱལ་ལལྐོག་བྲོས་བྱས་པའི་ལམ་བར་དུ་ཀྲུ་ཨེ་ལན་གྱི་བཀོད་ཇུས་ལྟར་གནམ་མདའ་འཕངས་ཏེ་ཕྱི་སོག་དབན་ཏུར་ཧན་ཞེས་པའི་སར་གནམ་གྲུ་འགད་ནས་རྐྱེན་ལམ་དུ་སོང༌། ཟླ་བ་བཅུ་གཉིས་པ་ནས་རྒྱལ་ཡོངས་སུ་ལིན་དགག་སྤྱོད་ཐེར་གྱི་ལས་འགུལ་ཚུགས་ཏེ་གང་སར་ཡིག་ཆེན་སྦྱར་བ་དང་ཚོགས་ཆེན་ཡང་ཡང་ཚོགས་པ་སོགས་སེམས་ལྡན་སེམས་མེད་གཉིས་ཀས་མནར་བའི་དུས་ཚོད་ཧ་ཅང་འཚུབ་པོས་ནམ་ཟླ་བསྐྱེལ། དགུང་ལོ་ཞེ་ལྔ་པ་ཆུ་གླང་༡༩༧༣ལོར་ཨ་ཕ་རྒྱ་ལུ་ལ་ཤར་ཕྱོགས་དགྲ་ལྷ་ཁོག་ཞུགས་ཀྱིས་རྗེ་དམ་པ་ཉིད་ཀྱི་མདུན་དུ་བཅར་ནས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་ཟབ་ལམ་བླ་མ་མཆོད་པའི་ཆོ་ག་ལས། ཐུབ་པའི་ཉི་མ་དུས་ཀྱིས་ནུབ་གྱུར་ཏེ། ། མགོན་སྐྱབས་མེད་པའི་འགྲོ་བ་མང་པོ་ལ། ། རྒྱལ་བའི་མཛད་པ་ཉེ་བར་སྒྲུབ་མཛད་པའི། ། སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། ། ཞེས་པའི་གོ་དོན་གང་ཡིན་ཞེས་ནན་ཀྱིས་དྲི་བ་ཕུལ་ནའང་རྗེ་དམ་པ་ཉིད་ཀྱིས་དེ་ལན་གང་གང་མ་གནང་བར་རང་མལ་བཞག་འདུག དོན་ནི་ཀླ་ཀློའི་བཙན་འཛུལ་འོག་ཐུབ་པའི་བསྟན་པ་རིན་པོ་ཆེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་གསལ་བའི་སྒྲོན་མེ་དུས་ཀྱི་རྒུད་པས་ཡོངས་སུ་ནུབ་པར་གྱུར་ཏེ། ལས་དང་ཉོན་མོངས་པའི་དབང་གིས་འཁོར་བ་དང་ངན་སོང་གི་གནས་སུ་རང་དབང་མེད་པར་འཁྱམས་ཤིང་སྡུག་བསྔལ་སྣ་ཚོགས་པ་ལས་སྒྲོལ་པའི་མགོན་དང་སྐྱབས་མེད་པའི་སྙིགས་དུས་ཀྱི་འགྲོ་བ་མང་པོ་ལ། སྲིད་པའི་རྩ་བ་དྲུངས་ནས་འབྱིན་པར་བྱེད་པའི་རྒྱལ་བའི་མཛད་པ་ཀུན་གྱི་ནང་ནས་ཀྱང་མཆོག་གི་མཛད་པ་ལུང་རྟོགས་བསྟན་པའི་ཆོས་ཚུལ་ཀུན་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ཉེ་བར་སྒྲུབ་པར་མཛད་ནས་བསྟན་འགྲོ་སྤྱི་དང་ལྷག་དོན་གངས་ཅན་བོད་ཀྱི་མདོ་ཁམས་དཀར་མཛེས་ནོར་བུ་གླིང་གི་སའི་ཆར་བརྟེན་པའི་འགྲོ་བ་རྣམས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེར་དམ་པ་ཐུགས་བརྩེ་བ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་འཕྲིན་ལས་བཟང་པོ་བདག་གིར་བསྐྱངས་བའི་རྣམ་པར་ཐར་བ་འདི་བཞིན་འབྱུང་བར་ལུང་བསྟན་དང་རྒྱུད་སྐུལ་ཞུ་བ་ཡིན་པའང་གོར་མ་ཆག་ཏེ། དུས་ཕྱིས་ཀྱི་རྣམ་པར་ཐར་བ་གང་ཞིག་བདག་གིར་སྐྱོང་བ་ལས་དཔོག་ནུས་པས་སོ།། ཡང་ཐེངས་གཅིག་ཤར་ཕྱོགས་དགྲ་ལྷ་ཐོག་ཕེབས་ཀྱིས་རྗེ་དམ་པའི་གཟིམ་ཤག་ཏུ་འཛུལ་འོང༌། གཟིམས་ཤག་གི་སྒོ་འགྲམ་དུ་ཡོད་པའི་གཟིམས་ཁྱི་དམར་རིལ་རྒྱུན་ལྡན་ཨ་ཕ་རྒྱལ་ལུ་དང་མེ་དང་སྤུ་ནང་བཞིན་ཡིན་ཡང་དེ་ཉིན་བགོམ་ནས་ཡོང་ནའང་གཟིམ་ཁྱིས་ཅི་ཡང་མ་བྱས་པར་དགེ་རྒན་དམ་པའི་འཁྲིས་སུ་བཅར། འཛུབ་མོ་གསུམ་གནམ་དུ་བསླངས་ཏེ། ད་ནས་རྩིས་པའི་ལོ་གསུམ་གྱི་རྗེས་སྙན་པའི་གཏམ་བཟང་ཞིག་གོ་རྒྱུ་ཡོད། ཞེས་གདེང་ཚད་ཡོད་པའི་རྣམ་པ་ལྟ་བུས་ཡ་མཚན་ཅན་གྱི་ལུང་བསྟན་དེ་ཉིད་ཕུལ་ནས་ཕྱིན་ལོག་སོང༌། རྗེ་དམ་པ་ཉིད་ཀྱིས་དེ་དོན་ཉིན་ཐོར་བཀོད་ནས་བཞག་པ་ལོ་གསུམ་སོང་བ་དང་རྒྱལ་ཁབ་སྲིད་གཞུང་གི་གནད་ཡོད་མི་སྣ་ཀྲུའུ་ཏེ་དང༌། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུའུ་ལིང་གཞོན་པ་ཀྲུའུ་ཨེ་ལེ། ཀྲུའུ་ཞི་རྒན་པ་མའོ་ཙེ་ཏུང་གསུམ་ཀ་ལོ་དེ་ག་རང་ལ་དགོངས་པ་རྫོགས་ཏེ་རྒྱ་ནག་དུས་ཡུན་ཐུང་ངུ་ཞིག་ལ་གནམ་ས་དུས་གཅིག་ལ་ཁ་སློག་པ་ལྟ་བུའི་འཕོ་འགྱུར་ཆེན་པོ་དེ་ཉིད་བྱུང་བས། སྔར་ཉིན་ཐོར་བཀོད་པའི་ལུང་བསྟན་གྱི་བརྗེད་ཐོ་དེ་ཉིད་ལག་འཐིལ་ཀྱི་རྫས་བཞིན་མི་བསླུ་བ་བྱུང༌། དགུང་ལོ་ཞེ་ལྔ་པ་༡༩༧༤ལོར་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཏིང་ཤའོ་ཕིང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུད་ཡོན་དང་ཀྲུའུ་ཞི་གཞོན་པ་བསྐོ་བཞག་བྱས་པ་ལྟར་ཀྲུང་དབྱང་གི་གཙོ་སྐྱོང་པའི་གྲས་སུ་ཚུད་ཀྱང་ལོ་དེའི་ཟླ་བ་བཅུ་གཉིས་པའིནང་མའོ་ཙེ་ཏུང་དང་མ་འགྲིགས་ནས་གཡས་ལྷུང་པའི་ཞྭ་མོ་གཡོགས་ཏེ། གཡས་ལྷུང་གྱོད་གཞི་ཁྲ་ལོག་གི་རླུང་ཡན་ལ་རྒོལ་ལན་བསློག་པའི་ལས་འགུལ་ཚུགས་ཏེ་རྒྱལ་ཡོངས་ཟང་ཟིང་དུ་གྱུར། དེའི་ཕྱི་ལོར་ཡང་མང་ཚོགས་ནང་ཏིང་ལ་ངོ་རྒོལ་གྱི་སྦྱར་ཡིག་དང་ཚོགས་ཆེན་དུ་མ་བསྐང་བ་སོགས་སྲིད་པའི་རང་མཚང་གི་འདུ་ལོང་ཤིན་ཏུ་འཁྲུགས། དགུང་ལོ་ཞེ་དྲུག་པ་མེ་འབྲུག་༡༩༧༦ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན་ཀྲུའུ་ཏེ་དང༌། ཀྲུང་ལིན་ཀྲང་ཨེ་ལེ། ཀྲུའུ་ཞི་མའོ་ཙེ་ཏུང་གསུམ་ཀ་དགོངས་པ་རྫོགས། མའོ་དགོངས་པ་རྫོགས་པའི་སྐབས་རྒྱལ་ཡོངས་སུ་འཆར་གཞི་ལྡན་པའི་སྒོ་ནས་མྱ་ངན་གྱི་སྒྲིག་འཛུགས་གཞི་རྒྱ་ཆེ་བ་གཏིང་སྟེ། གོས་གསར་པ་གྱོན་མི་ཆོག་པ་དང༌། ངོ་བཀྲུ་མི་ཆོག་པ་སོགས་བྱས། ད་དུང་སྟོན་ལས་ཛ་དྲག་གི་སྐབས་ཡིན་ཡང་ངལ་ལས་འགྲོ་རྒྱུ་བཞག་ནས་མཉམ་ལས་སོ་སོས་སྤྱི་དངུལ་སྒོར་མོ་སྟོང་ཕྲག་མང་པོས་ཤོག་གུ་ཉོས་ཏེ་མེ་ཏོག་ཆེ་བ་ལ་རྒྱ་སྒོ་ཙམ་དང༌། ཆུང་བ་ལ་ཁུ་ཚུར་ཙམ་རེ་ཁྱད་འི་མེ་ཏོག་མང་པོ་བཟོས། དཔུང་པ་གཡོན་མ་ལ་རས་ནག་པོའི་དཔུང་ཤུབས་གྱོན་ནས་མྱ་ངན་གྱི་ཚོགས་ཆེན་ལ་བཅར། ཚོགས་ཆེན་ཐོགས་མའོ་ཡི་མཛད་རྗེས་དང་དགོངས་རྫོགས་ལས་འཕྲོས་པའི་གཏམ་བཤད་སྤེལ། སྐབས་དེར་མི་སུ་ཞིག་གིས་འཛུམ་མདངས་ཅུང་ཟད་རེ་ཤོར་ནའང་འཇུ་བཟུང་སྤྲོད་རྐྱང་བྱས་སྟབས་མང་ཚོགས་ཞེད་སྣང་དེ་བས་ཆེ་བསོགས་བྱུང་འདུག རྒྱ་འོག་སྡུག་པོ་མྱོང་མཁན་མི་མང་པོ་ཞིག་ནི་ཕྱི་རུ་འཛུམ་མདངས་ཕྱུང་མི་ཕོད་ཀྱང་ནང་དུ་ཁུ་བྱུག་ལ་ཆར་པ་དང་རྨ་བྱ་ལ་འབྲུག་སྐད་ལྟར་གནན་པར་དཀའ་བའི་དགའ་ཚོར་གྱིས་སེམས་ཁམས་ཡོངས་སུ་བཟི་བར་གྱུར་ཚུལ་ཡང་གྲགས་ཆེ། ལོ་དེར་རྒྱ་ནག་སྲིད་གཞུང་ལ་གནམ་ས་སློག་པ་ལྟ་བུའི་འགྱུར་བ་ཆེན་པོ་བྱུང་སྟེ། ཟླ་བ་བཅུ་པའི་ཚེས་བཅུ་ཉིན་ཅང་ཆིན་དང༌། ཝང་ཧུང་ཝེན། ཀྲང་ཁྲུན་ཅའོ། ཡའོ་ཝུན་ཡོན། བཅས་མི་བཞི་ཤོག་ཁག་རྩ་མེད་བཏང༌། དེ་དག་རིམ་པར་བཞིན་མའོ་རང་གི་སྐུ་ཟླ་དང༌། ཚ་བོ། ལས་དྲུང༌། བྱི་ཕྲུག་བཅས་ཡིན་པས་དེ་སྔོན་མའོ་ཞབས་བཞུགས་སྐབས་རིག་གནས་གསར་བརྗེའི་ལས་འགུལ་ཐབས་སྡུག་སྔ་ཕྱིར་སྤེལ་བ་རྣམས་ཀྱི་གཏེ་བོར་ངོས་འཛིན་གྱིས་རྒྱལ་ཡོངས་སུ་རྡུང་བརྡེགས་ཚ་ནན་ཏན། འདི་ནས་བཟུང་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་མཇུག་སྒྲིལ། ལོ་འདིའི་ཟླ་བ་༡༠ཚེས་༧་ལ་ཧྭ་གོ་ཧྤེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུའུ་ཞི་ལ་བསྐོ་བཞག་བྱས། དེ་ཡང་མའོ་དགོངས་པ་རྫོགས་ཁར་ཧྭ་ལ། ཁྱོད་ཀྱིས་ཕྱག་ལས་གནང་ན་ང་བློ་བདེ་བ་འདུག ཅེས་གསུང་ཚུལ་ལ་བསྙད་དེ་བསྐོ་བཞག་བྱས་པ་ལས་བྱས་རྗེས་གང་ཡང་མེད་སྟབས་ཏིང་གི་དགོངས་པར་མ་བབ་པས་ཀྲུའུ་ཞི་མཛད་སྒོ་ཉིན་གོ་རྒྱུའི་ཉེ་བརྡ་གཏང་ཚུལ་ཡང་གྲགས་ཆེ་སྟེ་འཕྲོས་གླེང་ཙམ་མོ། ཏིང་གི་ཇུས་སྐུལ་འོག་ཧྭ་གོ་ཧྥེང་གི་མིང་ཐོག་ནས་སྔོན་གྱི་གུ་དོགས་པའི་སྲིད་ཇུས་དེ་ཆིངས་ཐག་གློད་པ་ལྟ་བུའི་གནས་སྐབས་གུ་ཡངས་སུ་བཏང་བས་མང་ཚོགས་ཁྲོད་ཀྱི་གྲྭ་བླ་མང་པོས་ཧྭ་ནི་སྐྱེ་བ་སྔོན་མ་དེ་རྒྱ་ཡི་དགེ་བཤེས་ཆེན་མོ་ཞིག་རེད་ཟེར་བ་དང༌། ཨ་ཞང་ཏིང་འདི་བཀའ་དྲིན་ཆེན་པོ་ཡིན་ཟེར་མཁན་ཡང་མང་པོ་བྱུང༌། གུ་ཡངས་ཅུང་ཟད་བྱུང་བ་དང་མང་ཚོགས་ནང་སྐུ་རིམ་ཞབས་བརྟན་སྒྲུབ་མཁན་ཇེ་མང་དུ་སོང་སྟེ་རྗེ་བླ་མ་འདི་ཉིད་ཡར་མར་གདན་དྲངས་མཁན་མང་དྲགས་ནས་ཐུགས་དམ་ཉམས་བཞེངས་ལའང་གད་ཆགས་ཡོང་ཉེན་གྱི་དོགས་ཟོན་བྱེད་དགོས་པ་བྱུང༌། འབུལ་བ་གང་ཞིག་བྱུང་བ་རྣམས་བསགས་ཏེ་རྒྱུན་ལྡན་ལྟར་ལོ་མཇུག་ཏུ་སངས་རྒྱས་སྟོང་མཆོད་རེ་འབུལ་གནང་མཛད་དེ། འབུལ་བའི་དངོས་རྫས་རྣམས་འཁྲུངས་ཁྱིམ་སོགས་སུ་ཞིག་གིས་ཀྱང་ཆུད་ཟོས་སུ་གཏོང་དུ་མི་འཇུག་པར་མིག་སྨན་མིག་ཐོག་ཏུ་འགྲོ་ངེས་མཛད། རྣམ་ཀུན་འབུལ་བའི་དངོས་པོ་རྣམས་ཆོས་ཕྱོགས་སུ་མ་གཏོགས་གང་བྱུང་གིས་བར་མ་དོར་དུ་ཆུད་ཟོས་སུ་ཅུང་ཟད་ཙམ་ཡང་མི་གཏོང་བའི་ཚུལ་རྣམས་ནི་འོག་ནས་ཀྱང་འཆད་པར་འགྱུར་རོ།། དེ་ནས་རིམ་གྱིས་དཀར་མཛེས་ཆུ་ཉིན་སྲིབ་ཀྱི་བླ་མ་དགེ་བའི་བཤེས་གཉེན་རིག་གནས་གསར་བརྗེའི་སྐབས་འདས་གྲོངས་མ་ཤོར་བ་རྣམས་ཕན་ཚུན་ལྐོག་ནས་རྒྱུད་འབྲེལ་བྱས་ཏེ། ཚེས་བཅུ་ཉེར་ལྔ་ནམ་ཡིན་ལ་ན་རོ་དབང་མོའི་བདག་འཇུག་དང་ཚོགས་འཁོར། སྐབས་འགར་ཟབ་ལམ་བླ་མ་མཆོད་པ་དང་ལམ་རིམ་བདུད་རྩིའི་སྙིང་པོ་སོགས་མངོན་ཆུང་གིས་མཉམ་ཚོགས་མཛད་པ་སོགས་ཡུལ་དུས་གནས་སྐབས་དང་བསྟུན་ནས་རྣམ་པར་དཀར་བའི་མཛད་པ་རྒྱ་ཆེར་བསྐྱངས། འཆག་འཆག་ཐམས་ཅད་རྡོ་ལ་བརྡབས་ནས་བཅག། ཚིག་ཚིག་ཡོད་ཚད་མེ་ལ་འཕངས་ནས་བསྲེགས།། མཁོ་མཁོ་ཕལ་ཆེར་རྒྱ་མཛོད་ནང་དུ་བསྡུས།། ཡོད་ཡོད་མཐའ་དག་བཅོམ་ནས་མེད་པར་བྱས།། བླ་ཆེན་ཕལ་ཆེར་བཙོན་ཁང་ནང་དུ་འདས།། དཔོན་ཆེན་ཕལ་ཆེར་ལྟོགས་ཤི་ཐེབས་ནས་གྲོངས།། མཁས་ཆེན་ཕལ་ཆེར་དོ་དམ་འོག་ཏུ་བཀྲོངས།། དགོན་ཆེན་ཕལ་ཆེར་འབར་རྫས་བཞག་ནས་གཏོར།། སྐུ་རྟེན་སྐེ་ལ་ཐག་པ་བཏགས་ནས་འཐེན།། གསུང་རབ་གླེགས་བམ་མེ་ལྷའི་ཞལ་དུ་སྟབས།། ཐུགས་རྟེན་སྐུ་གདུང་འདམ་རྙོག་གསེབ་ཏུ་བརྫངས།། མཆོད་རྟེན་ས་ཚྭ་ཆམ་ལུད་ནང་དུ་བརྒྱབས།། ལ་རྒྱ་ཅན་ལ་གསར་བརྗེ་ངོ་ལོག་བཏགས།། ཆོས་དད་ཅན་ལ་ཀླད་པ་ལྗང་ཁུ་འབོད།། ལྷ་འདྲེ་གདོན་བགེགས་བྲིས་པའི་ཤོག་ཞྭ་འོག། རི་གྲོང་རྒྱ་ཐང་རྣམས་སུ་ཁྲོམ་སྐོར་ཁྲིད།། གྲལ་རིམ་དགྲ་གྲོགས་འགལ་བའི་འབོད་ཚིག་དང༌།། གསར་བརྗེ་ལངས་ཕྱོགས་བརྟན་པོའི་ཁ་གཡང་འོག། མི་ཚོགས་ཁྲི་ཕྲག་བསྡུས་པའི་ཚོགས་རྭ་ནང༌།། སྤྱོད་པའི་མཚམས་ལས་བརྒལ་བའི་འཐབ་འཛིངས་བཏང༌།། ཡ་ཀི་ལིའུ་ཧྲའོ་ཆིང་གི་མན་ཆད་དང༌།། མ་ཀི་གྲྭ་རྐྱང་དཀྱུས་མ་ཡན་ཆད་ལ།། གསར་བརྗེ་ལམ་ཕྱོགས་འགལ་བའི་ཞྭ་མོ་བསྐོན།། འཐབ་རྩོད་རྡུང་བརྡེགས་བཙན་པོས་ནམ་ཟླ་བསྐྱལ།། དམག་སྤྱི་ལིའུ་པེའོ་གནམ་གྲུ་གཏོར་ནས་བསད།། པཎ་ཆེན་བླ་མ་ལོ་དགུར་བཙོན་དུ་བཅུག། ཤོའུ་ཕིང་ཐུའུ་ལ་ཅིན་གྱི་ཁྲང་ཀྲའོ་བྱས།། ཀྲང་དབྱང་སྲིད་གཞུང་སྟོན་ཀའི་རླུང་ལྟར་འཚུབས།། མི་རྩ་ཤེས་རྒྱུས་མེད་པའི་རྒྱ་ཕྲུག་དང༌།། ཤེས་བྱ་ཡོན་ཏན་མེད་པའི་བོད་ཕྲུག་ཚོ།། ཁུངས་ལུང་རྒྱུ་མཚན་མེད་པའི་བསླབ་བྱའི་འོག། ཅི་ཡིན་འདི་ཡིན་མེད་པའི་སྨྱོ་རྒྱུག་བྱེད།། ཉེས་མེད་དཔོན་ལ་མཚང་འབྲུ་རྡུང་བརྡེགས་བྱེད།། རྒྱུས་མེད་སྐུ་ལ་རྡོ་དང་སྟ་རེ་བཞུས།། དོན་མེད་མི་ལ་ཁ་དགྲ་སྣ་དགྲ་བསགས།། ཤེས་མེད་སྤྲང་པོའི་རང་རྟགས་བསྟན་མཁན་མང༌།། པདྨའི་གསུང་གི་མ་འོངས་ལུང་བསྟན་དང༌།། བླ་སྤྲུལ་མཁས་པའི་བསླབ་བྱ་ལམ་བསྟན་ཀུན།། དགོངས་པའི་བབ་སོ་གཅིག་ཏུ་འཁྱིལ་བའི་ཚུལ།། མཐོང་ཚེ་འདས་དོན་རྨི་ལམ་བཞིན་དུ་དྲན།། ལྷ་ཆོས་མི་ཆོས་གང་དུའང་མི་ཐེ་བའི།། རིག་གནས་གསར་བརྗེ་ཆེན་མོའི་རླུང་འཚུབ་ནང༌།། རིང་ནས་གོམས་པའི་དམ་པའི་ལྷ་ཆོས་ཚུལ།། གསལ་རིག་སེམས་དང་འོ་ཆུ་བཞིན་དུ་འདྲེས།། ཞོགས་པར་ཡི་དམ་ལྷ་ཡི་བདག་འཇུག་ལེན།། ཉིན་མོར་སྒང་ཀའི་རི་ལ་ལུག་རྫི་ཕེབས།། དགོང་མོར་ཐུན་དྲུག་བླ་མའི་རྣལ་འབྱོར་སྒོམ།། ཐུན་མཚམས་རྣམས་སུ་བྱང་ཆུབ་ལམ་རིམ་གཟིགས།། ཁམས་རིགས་བཞི་གསུམ་བཅུ་གཉིས་གྲགས་པའི་དབུས།། ཏྲེ་ཤོད་ད་ར་ཁག་ལྔའི་ཡུལ་ལྗོངས་སུ།། ནག་ཕྱོགས་མུན་པའི་ཡོལ་བ་འཐེན་པའི་གསེབ།། གང་ཁྱོད་དུང་གི་ཟླ་བ་བཞིན་དུ་ཚེས།། དམར་སྲུང་དམག་གི་དམར་པོའི་རུ་ཚོན་འོག། ཕལ་བའི་སྐྱེ་བོ་ཕལ་ཆེར་འགྱུར་ན་ཡང༌།། ཕ་བཟང་བུ་ཁྱོད་གསེར་གྱི་ཕ་ཝང་བཞིན།། མདོ་དབུས་འཛིན་མའི་འདུས་མདོ་འདི་ན་ལྷག། ཐུགས་བསྐྱེད་བཙན་པོའི་ཐུགས་ཀྱི་མེ་ལོང་ངོས།། དམ་པའི་རང་རྟགས་འབུར་བའི་དམ་བཅའ་བརྟན།། ཞལ་རས་འཛུམ་པའི་ཞལ་གྱི་བུམ་བཟང་ནས།། གསུང་རབ་དགོངས་འགྲེལ་གསུང་པའི་ལེགས་བཤད་སྙན།། སྐུ་ལ་རྒྱུན་དུ་ཐང་གོས་གོན་པ་དང༌།། གསུང་ལ་མདོ་སྔགས་ཆོས་ཚུལ་ཟབ་མོས་རྒྱན།། ཐུགས་ལ་བསྟན་དང་འགྲོ་བའི་དོན་ཆེན་བརྣག། དམ་པའི་དབུས་ན་དམ་པ་ཁྱོད་འདྲ་དཀོན།། དཀོན་མཆོག་དབུ་འཕང་དགུང་སྔོན་དབྱིངས་ན་བཏེགས།། དད་ལྡན་སྐྱེ་བོ་སྤྲིན་ཚོགས་ཇི་བཞིན་བཏིབས།། དྲེགས་པའི་ལྷ་སྲུང་བྲན་གཡོག་བཞིན་དུ་འཁོལ།། ནུས་པའི་འཕྲིན་ལས་དབྱར་གྱི་མཚོ་བཞིན་བརྟས།། མདོར་ན་གང་གི་རླབས་ཆེ་སྤྱོད་པའི་ཚུལ།། དམ་པའི་སྐྱེ་བོ་གཞན་དང་བསྡུར་བྱས་ན།། རི་རབ་དང་ནི་ཡུང་འབྲུ་ལྟར་གྱུར་པས།། བདག་འདྲས་མཐའ་དག་བརྗོད་པར་ནུས་མ་ལགས།། ཞེས་པ་ནི་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཀྱི་བྱུང་རིམ་དང་བསྟུན་ནས་བརྡ་རྙིང་དང་མངོན་བརྗོད་ཀྱིས་མ་བཅིངས་པར་གོ་བདེ་བའི་ལུགས་སུ་བྱས་པའི་བར་སྐབས་ཀྱི་ངལ་བསོ་བའི་ཚིགས་སུ་བཅད་པའོ།། གདོང་ལྔས་བཏང་པའི་ཀཻ་ལ་ཤ་རི་རྟ་གདོང་འབར་བས་བཞུས་པའི་རླབས་རྒྱུན་གཤིན་རྗེ་ཕྱོགས་སུ་རྒྱུ་དང་ལྷན་ཅིག་སྲིད་པའི་སྒྲོན་མེ་དུས་ཀྱི་ཆུ་ལྷའི་རུམ་དུ་གནལ།། མིག་སྨན་གོས་ཅན་སྨག་གིས་བསྟིམས་པའི་གཉིས་འཐུང་དག་ནི་ཆགས་སྡང་ཆང་གིས་ཡིད་དག་མྱོས་ཏེ་འཚེ་བའི་སྣ་ཞགས་ འཁྱོགས་པོའི་འགྲོས་ཀྱིས་ཕྱོགས་ཀྱི་རྫིང་བུའི་ཁྱོན་ཀུན་བཅིངས།། དེ་ཚེ་གང་གི་སྙིང་སྟོབས་གནམ་མཐོངས་མཁྱེན་བརྩེ་ཉི་ཟླའི་དཀྱིལ་འཁོར་ཟླུམ་པོའི་འོད་ཞགས་རྣོན་པོས་ལུང་རྟོགས་བསྟན་དང་འགྲོ་བའི་པདྨོ་ཀུ་མུ་ཏ་ཁ་ལྷན་ཅིག་བཞད།། རྒྱལ་བསྟན་མྱ་ངན་མེད་པའི་དགའ་ཚལ་འབྱེད་ལ་ལེགས་བཤད་གདུབ་སིལ་འཁྲོལ་བའི་རྐང་གདུབ་ཀྱིས་བསྣུམས་བསྡུ་བཞིའི་གར་མཁན་མཻ་ན་ཀ་ཁྱོད་སྲས་བཅས་རྒྱལ་བའི་སྤྱན་སྔར་མཛེས།། རྗེ་བཙུན་བླ་མ་དམ་པ་ཀླུ་སྦྱིན་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་འཇམ་དབྱངས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་དད་གསུམ་རྦ་རླབས་ཕྱུར་བའི་ཆུ་གཏེར་ལས་དུས་འགྱུར་བྱུང་བ་ནས་སྲིད་ཇུས་གུ་ཡངས་མ་བྱུང་བར་གྱི་ཐུགས་བསྐྱེད་བརྟན་པོས་འགྲོ་དོན་ཇི་ལྟར་མཛད་ཚུལ་གྱི་རླབས་ཕྲེང་སྟེ་གསུམ་པའོ།། །།