ཀླུ་སྦྱིན་དགེ་བཤིས་རིན་པོ་ཆེའི་རྣམ་ཐར། སྟོད་ཆ། མཇུག་རྩོམ། བེ་རི་འཇིགས་མེད།

ཡོང་ཁུངས་Wikipedia

མཇུག་བསྡུས་རྩོམ་བྱང་། ཞབས་སྐྱེས་རེ་ཁཱ་འཕྲོག་བྱེད་རོལ་པའི་གཙུག་ན་བཀོད་པས་སྲིད་འདིའི་དྲེགས་པའི་སྐར་ཚོགས་ཁྲོད་ན་རྣམ་པར་དཀར་བའི་དཀྱིལ་འཁོར་ཟླུམ།། བསིལ་འཇམ་འོད་སྣང་གསུང་གིས་གྲོལ་བའི་བདེ་གཤེགས་མྱུ་གུ་ཀུན་མུ་ཏ་ཡི་དགའ་ཚལ་བྱེ་བས་སྐབས་གསུམ་ཞིང་གི་མཛེས་པ་འཕྲོག། གོའུ་ཏོའི་རིགས་ཀྱི་ཆུ་གཏེར་ལས་འཁྲུངས་རི་བོང་འཛིན་པའི་དཀྱིལ་འཁོར་ལ་ཆགས་སྔོན་མེད་གཉིས་སྐྱེས་གཞན་གནོད་གཞི་ལས་ལྡོག་པའི་མགོན།། མ་དྲོས་རོལ་བའི་བདེ་གཤེགས་ཆོས་ཚུལ་བཤད་སྒྲུབ་རླབས་ཀྱི་རྩེད་འཇོ་རོལ་མཁས་ཀླུ་དབང་འབུམ་གྱི་གདེངས་ཀ་འཆང་དེར་སུ་མི་གུས།། གུས་སྟོབས་སྦྱོར་བའི་གྲུ་གཟིངས་ལ་བརྟེན་ཆོས་ཚུལ་རྒྱ་མཚོའི་ཕར་མཐའ་བཞལ་བས་མཁས་རྒུའི་དབུས་ན་ཆོས་བཟང་མདུན་སར་ལྷ་དབང་བཞིན།། བཅས་དང་རང་བཞིན་ཞེས་པས་མ་གོས་སྡོམ་པ་གསུམ་གྱི་ཁོར་ལག་དག་ནི་པད་ཚལ་དུང་དང་ཀུ་མུན་ཏ་བཞིན་རྣམ་པར་དཀར།། ལེགས་གསུང་བདུད་རྩིའི་ཕོན་པོའི་རྒྱུན་བཟང་ཚངས་ཆེན་རལ་པ་བཙུར་པ་ལས་ཕྱུང་སྐལ་ལྡན་ཤིང་རྟའི་གདུང་སེལ་དཔལ་དུ་ལམ་གསུམ་འབབ།། གསེར་རིའི་ཕྲེང་བ་བསྒྲིགས་པའི་དབུས་ན་ལྷུན་པོ་ཇི་བཞིན་མཁས་དང་གྲུབ་དགུའི་གཙུག་ཏོར་རྩེ་ན་གཙུག་གི་ནོར་བུ་ཇི་བཞིན་མཛེས།། ཚངས་སྤྱོད་རྨ་བྱའི་སྒྲོ་གདུགས་རྩེན་པ་མ་ལ་ཡ་རིའི་ནགས་ཀླུང་ལས་མཆེད་གཞན་ཕན་དྲི་བཞོན་གྱིས་བདས་པ།། སྐལ་བཟང་མཐའ་དག་འབྱུང་པོ་འཛིན་པའི་དུ་ཁའི་གདུང་བ་ཁ་བའི་རེག་པའི་ཟོལ་དུ་བཅིལ།། གང་ཞིག་མཐོང་ཐོས་དྲན་པ་ཙམ་གྱིས་དཔག་བསམ་ཤིང་བཞིན་འདོད་པའི་རེ་བ་སྐོང་བའི་གཏེར།། འཚོལ་རྣམས་མིག་སྟོང་དག་ལ་བསྟེན་མིན་འདི་ན་ལྷམ་མེ་ལྷན་ནེ་ལྷང་ངེར་མཆིས་སོ་ཀྱེ།། མཚན་དཔེའི་དཔལ་སྐྱེས་གཞད་པའི་མོད་ལ་ལྷན་སྐྱེས་དཔལ་གྱི་དུམ་བུའི་བསུང་ངད་དགེ་བའི་རླབས།། འབད་མེད་ངང་གིས་འཇོ་བའི་གཏེར་ཁྱོད་དམ་པའི་ཚལ་ན་ཕུལ་བྱུང་པདྨ་དཀར་པོ་བཞིན།། ཀ་རི་ཀ་ནས་འདུས་པའི་བར་གྱི་གསུང་རབ་མང་ཐོས་རྣ་བ་བརྒྱད་པའི་ཁེངས་པ་བསྙིལ།། དེ་དོན་བསམ་པས་གཏན་ལ་ཕབ་པའི་དྲི་མེད་རིགས་ཚུལ་མ་དྲོས་རོལ་བའི་མཚོ་ལྟར་ཟབ།། བདེ་གཤེགས་འཛངས་མའི་འོ་འཛིན་ལས་འབབ་ལེགས་གསུང་འོ་མའི་གཅུད་ཀྱིས་བརྟས་པའི་ལུས་སྟོབས་དར།། བློ་བཟང་སྙན་རྒྱུད་འགྲམ་པའི་ཆང་གིས་གང་ཐུགས་སྐྱེད་ཚལ་བ་ཀུ་ལ་ཡི་འདབ་སྟོང་གྲོལ།། དྲང་སྲོང་ཆེན་པོའི་རིང་ལུགས་སྤྱི་དང་གསེར་སྦྱངས་གཙང་མའི་རྣམ་ཐར་རྒྱ་མཚོའི་སྲས་མོའི་རྒྱུན།། ཧུབ་ཀྱིས་བཏུང་བའི་ཁ་ཡི་སྒོ་ནས་ཛ་ཧུ་ན་ཡིས་གངྒ་མཛའ་མོའི་རྒྱུན་བཞིན་བྱོལ། འདོད་ཡོན་ནོར་བུས་གཙུག་ན་མཛེས་པ་དབང་ཕྱོགས་གདུགས་པའི་ལག་འགྲོ་བྱེ་བའི་ཁྱུ་ཚོགས་ཀྱིས།། མི་གཙང་ཁ་རླངས་ན་བུར་དང་འགྲོགས་འཁྱོགས་པོའི་འགྲོས་ཀྱིས་ས་ལའི་སྨན་ལྗོངས་ལ་འཁྲིལ་བས།། རྫོགས་ལྡན་དཔྱིད་ཀྱི་སྲོག་དབུགས་བསྡུས་ཏེ་དུ་ཁའི་མུན་པ་ཁ་བའི་གོས་ཀྱི་ཟོལ་དུ་འཐིབས།། གང་ཚེ་མཆོག་ཁྱོད་མུན་པའི་བཙོན་དུ་རྐྱེན་ངན་ལམ་ཁྱེར་རྩི་མ་བྷི་ཡི་མན་ངག་བསྟེན།། ཕྱག་ན་པདྨོའི་ཐུགས་བསྐྱེད་ཟེ་བས་མུན་པའི་ཐུན་མཚམས་དགུན་གྱི་ཡོལ་བ་ཕྱེས་པའི་དྲོད་བག་འཛུམ་པ་དང་།། གང་གི་མཚན་སྙན་དབྱར་སྐྱེས་མགྲོན་པོའི་རྒྱངས་གླུ་སྙན་པོ་ཕྱོགས་ཀྱི་བུ་མོའི་ཐོས་འཛིན་ནགས་ཀླུང་ལ་རྩེན་པས།། ལས་ལྡན་སྐལ་བཟང་བྱེ་བའི་ཡིད་ལ་དད་གསུམ་རྣམ་སད་ཁེངས་པ་བསྙིལ་བའི་རྫོགས་ལྡན་དབྱར་གྱི་ལང་ཚོ་སྒེག། སྨད་ལྗོངས་དབྱིག་གི་འཛིན་མའི་ཐིག་ལེར་སྨུག་རྩི་འཐུང་བའི་མཚམས་སྤྲིན་ལ་ཁྱུད་གུར་ཀུམ་གསར་པའི་ལང་ཚོ་དར།། ཆུ་ཡི་གཏེར་དང་གནམ་གྱི་མཐོངས།། དབྱིག་གི་འཛིན་མའི་ཁྱོན་འདི་ཡི།། ཟབ་དང་རྒྱ་ཆེ་གྲངས་ཀྱི་ཚོད།། བྱིས་པའི་བློ་ཡི་ཡུལ་ལས་འགངས།། སྲིད་གསུམ་འགྲམ་པའི་ཐིག་ལེ་ཁྱོན།། ངོ་མཚར་བཀོད་པའི་རི་མོ་འབུམ།། དཔྱོད་ལྡན་མིག་གི་བདུད་རྩིའི་དཔལ།། སྐྲུན་པ་རྒྱལ་དང་རྒྱལ་སྲས་ལུགས།། དེ་དང་དེ་ཡི་མཛད་པའི་ཚུལ།། འདི་དང་འདི་ཞེས་བརྗོད་པའི་མཐའ།། རྒྱལ་དང་རྒྱལ་སྲས་མཁས་རྣམས་ལས།། བདག་དང་བདག་འདྲས་བརྗོད་ནུས་མིན།། ཧ་རི་ལྗོན་པའི་ནགས་ཀྱི་ཀླུང་།། ལྷོ་ཡི་རླུང་གིས་བསྐུལ་བ་ན།། གདུང་སེལ་བདུད་རྩིའི་དཔལལ་གྲུབ་ཅེས།། བརྗོད་ལ་ཤེས་ལྡན་སུ་ཡིས་བཤུངས།། མང་ཐོས་ལུང་གི་རྩ་བ་རབ་བརྟན་ཅིང་།། བསམ་པའི་རིགས་ཚུལ་འབུམ་གྱི་ཡལ་འདབ་གྲོལ།། སྒོམ་པའི་ཉམས་རྟོགས་སྨིན་པའི་འབྲས་བཟང་དུབ།། ཕྱོགས་འདིར་ཡོངས་འདུའི་ལྗོན་པ་ཁྱོད་ཉིད་ཙམ།། མཁས་པའི་ཡོན་ཏན་འཛམ་གླིང་རྒྱན་དང་མཉམ།། བཙུན་པའི་སྤྱོད་པ་ཉེ་བ་འཁོར་བཞིན་དུལ།། བཟང་པོའི་འཕྲིན་ལས་བློ་བཟང་གྲགས་པའི་ཟླ།། གསུམ་ལྡན་རྗེ་བཙུན་བླ་མ་ཁྱོད་འདྲ་དཀོན།། རྟག་ཆད་མཐའ་དང་བྲལ་བའི་ལྟ་བ་ཟབ།། གཞན་གནོད་གཞི་ལས་ལྡོག་པའི་སྤྱོད་བ་བཙུན།། དཔྱོད་འཇོག་ཟུང་དུ་འབྲེལ་བའི་སྒོམ་པ་བཟང་།། ངེས་དོན་སྐྱེས་ཆེ་བྱེ་བའི་གཙུག་ན་མཛེས།། འཆད་ན་བཤད་ཐབས་ལྔ་ཡི་གོ་རིམ་གཙང་།། རྩོད་ན་སྒྲུབ་དང་སུན་འབྱིན་རིགས་ལམ་རྣོ།། དད་གསུམ་རྦ་རླབས་འཕྱུར་བའི་ཆུ་གཏེར།། རྩོམ་ན་ལུས་རྒྱན་སྲོག་གི་གོམ་འགྲོས་བརྟན།། མཁས་རྒུའི་མདུན་སར་མཁས་པའི་རྒྱལ་མཚན་འཆང་།། ལུང་ཆོས་སྡེ་སྣོད་གསུམ་གྱི་ཤམ་བུའི་རྩེར།། རྣམ་དག་བསླབ་གསུམ་ནོར་བུའི་ཏོག་བཀོད་དེ།། ཐུབ་བསྟན་ཁང་བཟང་གཙུག་ན་མཛེས་བྱས་པས།། ཕན་བདེའི་གྲུ་ཆར་རྒྱ་མཚོའི་རླབས་དང་འགྲོགས།། མཁྱེན་རབ་སྤྲིན་གྱི་བ་གམ་བརྩེགས་པའི་ཀློང་།། རྗེས་བརྩེ་གྲུ་ཆར་དུས་སུ་འཇོ་བ་ལས།། ནུས་པའི་འཕྲིན་ལས་རྒྱ་མཚོའི་རླབས་དང་འགྲོགས།། སྐལ་བཟང་དབྱིག་གི་འཛིན་མའི་དཔྱིད་དུ་དགེ། རང་དོན་ཕ་རོལ་ཕྱིན་པའི་ཉམས་ལེན་དང་།། གཞན་དོན་བསྡུ་བ་རྣམ་བཞིའི་མཛད་པ་གཉིས།། ཟུང་འབྲེལ་རྒྱལ་སྲས་སྤྱོད་པའི་འཇུག་ངོགས་ནས།། ཐེག་པ་མཆོག་ལ་འཛེགས་པའི་ས་མཁན་མཛད།། རྣམ་དག་ངེས་འབྱུང་རོལ་པའི་མཚོ་ལྟར་བརྟན།། མན་ངག་བདུན་གྱི་གསེར་རིའི་ཕྲེང་བ་མཛེས།། ཡང་དག་ལྟ་བའི་བང་རིམ་མངོན་པར་མཐོ།། གླིང་བཞིའི་ཁྱོན་འདིར་གླིང་གི་ཏོག་བཞིན་མཛེས།། འདབ་བརྒྱད་ཙིཏྟའི་དབུས་ན་གནས་པ་ཡི། ། ཀ་དག་སྤྲོས་པ་བྲལ་བའི་དགའ་མ་ཡི།། འོད་ལྔའི་རྩེ་འཇོར་རོལ་བའི་འཛུམ་བག་གིས།།

ཟུང་འཇུག་དགའ་བཞི་འབར་བའི་བདེ་དྲོད་བསུས།། 

མ་དག་སྐྱེ་ཤི་བར་དོ་འཁོར་བའི་རྒྱུན།། དག་པའི་སྐུ་གསུམ་ལམ་དུ་བསྒྱུར་བྱས་པས།། སྒོ་གསུམ་ཐ་མལ་སྣང་ཞེན་ཀུན་འཇོམས་ནས།། གང་སྣང་ལྷ་སྐུར་འཆར་བའི་རྣལ་འབྱོར་བརྟན།། ཕྲ་རགས་ལྷ་ཡི་རྣལ་འབྱོར་གོམས་པའི་མཐུས།། ཐུན་མོང་གྲུབ་པ་བརྒྱད་ཀྱི་འཇུག་ངོགས་ཡངས།། ཐུན་བཞིའི་རྣལ་འབྱོར་གཉེར་བའི་ཀྱོ་བ་ཡིས།། གྲོལ་བྱེད་རིམ་པ་གཉིས་པའི་རྟོགས་པ་འདྲེན།། སྙིང་གི་རྩ་མདུད་དཔལ་གྱི་བེ་འུ་ནི།། རླུང་སྔགས་རྡོ་རྗེ་འབར་བས་བཀྲོལ་བ་ན།། རོ་རྐྱང་རྩ་འདབ་ཟུང་གི་རྒྱུ་བ་དག། རྩོལ་མེད་ལྷུག་པ་རང་སར་ངང་གིས་གྲོལ།། འདབ་བརྒྱད་སྙིང་གི་ཐིག་ལེ་ཟླུམ་པོའི་དབུས།། ཨེ་ཝཾ་ལྷན་སྐྱེས་དཔལ་ལ་རོལ་བ་ཡི།། དྷུ་ཏིའི་དམིགས་པ་གང་ལ་གཏད་པ་ན།། རྣམ་དག་སྐུ་གསུམ་ལག་འཐིལ་རྫས་བཞིན་གཟིགས།། ལུས་ཀྱི་གནས་རྣམས་གནད་དུ་བསྣུམ་བྱས་ནས།། བསྒོམས་པའི་སྟོབས་ཀྱིས་སྟོང་གཟུགས་དབུ་མ་ལ།། ཞུགས་གནས་ཐིམ་གསུམ་བྱེད་པའི་ཐེག་པ་མཆོག། འབད་པ་བརྒྱ་ཡིས་བརྩོན་པས་མངོན་དུ་གྱུར།། གཟུང་འཛིན་སྒྲིབ་གཡོག་དང་བྲལ་དབུ་མའི་ལམ་།། དཔེ་དང་དོན་གྱི་འོད་གསལ་ལས་བྱུང་བའི། ། རྨད་བྱུང་སྐུ་ལྔའི་བདག་ཉིད་ཟུང་འཇུག་ཆེ།། དཀའ་ཐུབ་བརྩོན་པ་དྲག་པོས་ཀློང་ན་བསུས།། ལུས་དབེན་སྣང་སྟོང་སྐུ་ཡི་རྡོ་རྗེ་བརྟན།། ངག་དབེན་གྲགས་སྟོང་གསུང་གི་རྡོ་རྗེ་སྙན།། སེམས་དབེན་རིག་སྟོང་ཐུགས་ཀྱི་རྡོ་རྗེ་ཟབ།། འོད་གསལ་སྒྱུ་ལུས་མི་ཕྱེད་ཟུང་དུ་འཇུག། ཡང་ཡང་ཡང་དག་བཤེས་གཉེན་དམ་པ་འདིའི།། གང་གང་གང་ཞིག་མཛད་པའི་ཚུལ་མཐའ་དག། བྲིས་བྲིས་བྲིས་ཀྱང་རྫོགས་མཐའ་མི་མངོན་པས།། དེ་དེ་དེ་རིང་འབྲི་མཚམས་འདི་ན་བཞག། འདི་དང་འདི་འདྲའི་རྣམ་པར་ཐར་བའི་ཚུལ།། གང་དང་གང་ཞིག་མཐོང་ཐོས་བྱུང་བ་རྣམས།། ཕྲ་ཞིང་ཕྲ་བ་འདི་ན་བརྗོད་མིན་ཏེ།། མཛུབ་རྩེས་མཛུབ་མོ་རི་བསྟན་ཙམ་ཞིག་གླེང་།། གླེང་པ་འདི་ཡང་ཡང་ཡང་དགེ་བའི་སླད།། སླད་ནས་གླེགས་བམ་བམ་པོ་རྗེས་མ་དག། དག་པར་འགོད་འདོད་འདོད་པའི་རྗེས་ཞུགས་ཏེ།། ཏེ་པོར་བྱ་དཀའ་དཀའ་བའི་རྣམ་ཐར་གླེང་།། རྣམ་པར་དཀར་བའི་རྣམ་ཐར་ཚུལ།། ཚུལ་བཞིན་བཀོད་པའི་ཚུལ་གྱི་རླབས།། རླབས་ཆེན་བསོད་ནམས་རླབས་ཀྱི་དགེ། དགེ་མཚན་འབུམ་གྱིས་དགེ་བ་འདི།། སྙན་འཇེབས་ཚིག་གི་སྡེབ་སྦྱོར་དག་ནི་དཎྜིའི་ལུགས་ཀྱི་ལུས་རྒྱན་སྲོག་ལ་སྐྱོན་གྱིས་མ་གོས་སྙན་ངག་མཁན་གྱི་མགྲིན་པའི་རྩ་མདུད་གྲོལ་བའི་ལུགས།། ཟབ་རྒྱས་དོན་གྱི་གོ་རིམ་དག་ནི་སྡེ་བཞིའི་སྲོག་གི་རྩ་བ་དང་འགྲོགས་གསུང་རབ་ཚད་མའི་ལུང་གི་དགོངས་དོན་མཁས་བཙུན་བཟང་པོའི་རྣམ་ཐར་གསལ།། རྣམ་དག་རྩོམ་གྱི་སྐུལ་སློང་དག་ཀྱང་བ་ཚྭས་མ་རྙོག་དད་གསུམ་རླབས་ཀྱི་རྩེ་དགའ་རོལ་བའི་རྣམ་དཀར་རྒྱ་མཚོར་དགེ་ལེགས་ནོར་བུའི་ཟོང་གིས་གཏམས།། བྱེད་པོ་ཉིད་ཀྱང་རྒྱ་བོད་གཙུག་ལག་ལྔ་ཕྲག་ཤེས་བྱའི་ཁྱོན་རྣམས་ཀུན་ལ་སྐྱེས་སྦྱངས་གོམས་པའི་སྤོབས་པ་དགེ་བས་ཉེས་བཤད་དྲི་མས་གོས་པ་མེད།། ལམ་འདི་ཁོ་བོས་དམ་པའི་རྣམ་ཐར་ལས་བཏུས་ནས།། ཇི་བཞིན་བརྗོད་ལ་རྨདབྱུང་ཚིག་དོན་སྦྱོར་བའི་འགྲོས།། འདི་ལས་ལྷག་པ་དེང་སང་འདི་ན་རྩོམ་གྱི་རྩལ།། གཞན་ཡོད་མིན་ཞེས་གཟུ་གནས་མཁས་རྣམས་ངེས་པར་གྱིས།། དམ་པའི་རྣམ་ཐར་རིན་ཆེན་འབྱུང་གནས་ཤིན་ཏུ་རྒྱ་ཆེན་ཁ་དོག་གིས་འཇིགས་པས། ། ངན་རྟོགས་སྐྱེ་བོས་ལེགས་བཤད་འདི་ཀོ་ཕྱོགས་ཀྱིས་རྒྱང་རིང་བོར་ངེས་ཀྱང་།། རབ་བྱེད་བསྒྲིགས་པའི་དོན་བཟང་རྟོགས་བརྗོད་ཀུ་མུད་ཏ་ཁ་ཕྱེ་བའི་ཆུས།། ཀླུ་སྒྲུབ་ལུགས་ལ་ཟླ་གྲགས་ཇི་བཞིན་འདིས་ཀྱང་མཁས་རྒུའི་རེ་བ་སྐོང་།། གང་ཞིག་བཤད་ཟིན་རྣམ་ཐར་འདི་ནི་ཚིག་དོན་ཟུང་ལ་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས།། ། ངེས་པར་རྟོགས་འགྱུར་འདི་ནི་དོན་བཟང་ལྡན་ཡང་མཁས་མིན་གཞན་གྱི་ཐུགས་སུ་ཆུད་མི་འགྱུར།། དེ་ཕྱིར་ཕྱོགས་དང་རང་བློས་སྦྱར་བའི་སྒྲོ་སྐུར་གཏམ་གྱིས་འདི་ཞེས་བདག་ཏུ་བཟུང་བ་ཡི།། གཞུང་ལུགས་རྣམས་ལྟར་གཞན་ལུགས་བཞེད་གཞུང་འདི་ལས་གཞན་ལ་སྤྲོ་དགའི་ཡི་རང་དོར་བར་བྱ།། བཤེས་གཉེན་དམ་པའི་རྣམ་ཐར་བསྙད་ལས་བདག་གི་བསོད་ནམས་ཕྱོགས་ཀྱི་འཁོར་ལོར་རྣམ་པར་དཀར་བའི་འོད་སྣང་གིས།། ཁྱབ་ཅིང་ཡིད་མཁའ་ཞེས་པའི་དྲི་བྲལ་སྔོ་སངས་འཕྱངས་འཕྲུལ་བདེ་འབྱུང་རལ་པའི་གཙུག་གི་རྒྱན་ལྟར་དཀར་བའམ།། སེམས་ཀྱི་སྦྲུལ་ལ་གདེངས་ཀའི་ནོར་དང་ལྷུན་པོའི་སྤོ་ལ་ཁང་བཟང་ཇི་བཞིན་ལེགས་ཚོགས་གང་ཞིག་ཐོབ་པ་དེས།། སྲིད་གསུམ་འགྲོ་ཀུན་དམ་པས་རྗེས་བཟུང་ས་ལམ་རྟོགས་པའི་བང་རིམ་བརྒལ་ཏེ་མྱུར་དུ་བདེར་གཤེགས་སར་བགྲོད་ཤོག། རྗེ་བཙུན་བླ་མ་དམ་པ་ཀླུ་སྦྱིན་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་འཇམ་དབྱངས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་དད་གསུམ་རྦ་རླབས་འཕྱུར་བའི་ཆུ་གཏེར་ཞེས་བྱ་བ་ལས། རྗེ་བཙུན་བླ་མ་དམ་པ་སྐྱེ་བ་མངོན་པར་སྐྱེ་བ་ནས་སྲིད་ཇུས་གུ་ཡངས་མ་བྱུང་བར་གྱི་རྣམ་པར་ཐར་བའི་བར་སྟོད་ཆ་འདི་ནི། གཞིས་བྱེས་གང་ས་ནས་དམ་པ་གང་གི་སློབ་མའི་གྲས་གཏོགས་རྒྱལ་སྲས་བླ་སྤྲུལ་ཁག་དང་བྱ་བཏང་རི་ཁྲོད་པ། ལུང་རིགས་རབ་འབྱམས་པའི་མཁས་པ། སྡེ་བཞིའི་ཇུས་ལ་དབང་བའི་སྲིད་ཀྱི་སྣ་བོ་སོགས་རིས་སུ་མ་མཆིས་པས་མགྲིན་གཅིག་དབྱངས་གཅིག་གིས་སྔ་ཕྱིར་བརྒྱུད་བསྐུལ་གནང་བ་དང་། ལྷག་དོན་གང་གི་སྐུ་ཡི་ཞམ་འབྲིང་བ་ཚེ་དབང་བཀྲ་ཤིས་དང་བསྟན་འཛིན་རྒྱ་མཚོ་སོགས་ཀྱི་བརྒྱུད་ནས་མཁྱེན་སྤྱན་མཆོག་ཏུ་ཡངས་པ་ལམ་འོག་ཚང་དགེ་སློང་བསོད་ནམས་བཀྲ་ཤིས་ལགས་ཀྱིས་རྣམ་ཐར་ས་བོན་གང་རྙེད་སྒྲ་ཐག་ཏུ་བཅུག་ནས་བསྐུར་གནང་བ་དང་། དགེ་བཤེས་བློ་དགའ་བསོད་ནམས་དང་ཁང་དམར་དཀོན་མཆོག་དངོས་གྲུབ་གཉིས་ཀྱིས་སྔ་ཕྱིར་མཚམས་སྦྱོར་གང་ཟབ་གནང་བ་དང་། སེ་ར་ཐུབ་བསྟན་དང་བསོད་ནམས་གཉིས་ཀྱིས་རྩོམ་སྐུལ་དྲན་གསོ་དང་བརྡ་དེད་རྒྱུན་མར་གཏོང་གནང་མ་ཟད་ཕྱི་སྡོད་སློབ་ཚོགས་ཁག་ལ་དཔེ་སྐྲུན་འགྲོ་གྲོན་རྒྱུད་བསྐུལ་གང་ཟབ་གནང་བ་དང་། རང་ངོས་ནས་ཀྱང་ཁ་པར་དང་ཡིག་ངག་གཉིས་ཐོག་ནས་འབྲེལ་ཡོད་མི་སྣ་མང་པོར་སྔ་ཕྱིར་བཅར་འདྲི་ཞིབ་ཚགས་ཀྱིས། རྗེ་བླ་མ་ཉིད་འཁྲུངས་པ་ནས་ཐོས་བསམ་སྒོ མ་པ འི ་ཕ་མ ཐ ར ་སོ ན ་པ་དང་དུ ས་འགྱུ ར་མི ་བ ཟོ ད་པ་བྱུ ང་བ་ (1929-1976) དགུང་ལོ་ཞེ་དགུའི་བར་གྱི་རྣམ་པར་ཐར་པའི་ས་བོན་གང་རྙེད་ལ་གཞིར་བྱས་ཏེ། བཤེས་གཉེན་མཁས་པ་དུ་མའི་བཀའ་དྲིན་ལ་བརྟེན་ནས་བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པས་མཚོན། རྒྱ་བོད་གཙུག་ལག་ཤེས་བྱ་རིག་པའི་གནས་ཕལ་བོ་ཆེ་ལ་འཆད་རྩོད་རྩོམ་པའི་བློ་གྲོས་ཀྱི་སྤོབས་པ་དགེ་ཡང་ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན་གྱི་སྐལ་པས་དབུལ་བ་མདོ་ཁམས་བེ་རི་རྒྱལ་པོའི་བཀའ་འབངས་བློ་བཟང་ཐུབ་བསྟན་འཇིགས་མེད་དབང་རྒྱལ་ལམ། བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ་ངག་དབང་དབྱངས་ཅན་དགྱེས་པའི་བློ་ལྡན་དུ་འབོད་པས། གདན་སར་བསྡད་རིང་ཚོགས་ཆོས་སློབ་གཉེར་དང་། དེའི་ཞོར་ལ་པར་ཁང་ཞུ་དག སློབ་གྲྭའི་དགེ་རྒན། ཤག་གི་དཔེ་འཁྲིད། བློ་གསལ་རྩོམ་སྒྲིག་ཁང་གི་འགན་འཛིན། ནུབ་ཕྱོགས་ཨ་མི་རི་ཁའི་ཨིན་ཌི་ཨ་ན་གཙུག་ལག་སློབ་གྲྭ་ཆེན་མོའི་(Indiana University)དགེ་རྒན་བྱེད་སྐབས་སོགས་སུ་སྔ་ཕྱིར་བར་སིང་གང་ཡོད་ལ་བརྩོན་པས་མ་བཏང་པར་བསྙུང་བསྲིངས་ཏེ། རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉག་མ་བཅོ་བརྒྱད་པ་རྟེན་འབྲེལ་ལུགས་ཀྱི་ཉི་སྒྲོལ་བྱེད་དང་སྤོར་ཐང་གི་ཤིང་སྤྲེལ་(༢༠༠༤)ལོའི་སྨིན་དྲུག་དཀར་ཕྱོགས་སྟོང་བ་གཉིས་པ་མཁའ་འགྲོ་འདུ་བའི་དུས་ཆེན་ཁྱད་པར་ཅན་དུ་མཇུག་རྫོགས་པར་བྱས་ཤིང་། སླར་ཡང་ནོར་གླིང་ྋགོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་ལས་ཞོར་དུ་ཞུ་དག་གིས་སྣོན་འཕྲི་ཅུང་ཟད་བགྱིས ཏེ། ནོར་གླིང་གཙུག་ལག་ཁང་གི་ཡོངས་ཐོག་ཏུ་རྫོགས་པར་བྱས་པ་དགེ་ལེགས་འཕེལ།། །།


དད་གསུམ་རྦ་རླབས་འཕྱུར་བའི་ཆུ་གཏེར། དཔལ་འབྱོར་མཐུན་རྐྱེན་ཐད་ངའི་ཤག་རོགས་དམ་ཚིག་གཅིག་པའི་སྤུན་གྲོགས་ཨ་རི་གནས་སྡོད་ངག་དབང་བསོད་ནམས་ཀྱིས་མཚམས་སྦྱོར་གནང་སྟེ། ཕྱི་རྒྱལ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཡོད་པའི་དགེ་ཕྲུག་དང་དད་ལྡན་རྣམ་པས་དང་བ་ཆེན་པོའི་སྒོ་ནས་ཞལ་འདེབས་བསྡུ་རུག་བྱས་པ་གཤམ་གསལ། མཚན། ཨ་སྒོར། དར་རྒྱས། $ 100/ ཚེ་དབང་ལྷ་རྒྱལ། $100 བཀྲ་རྡོར། $50 $ 50/ བློ་ཕྲུག[དགུ་འཁོར་གྲོང་] $50 ཚེ་རིང་ཉི་མ།[ལྕོག] $100 བློ་དགའ་བཀྲ་ཤིས། $100

ཉི་མ་རྡོ་རྗེ།			 $100

བསོད་ནམས་རྡོ་རྗེ། $50

ཚེ་རིང་ཉི་མ།(གདོང་ཐོག་) 		$10

ངག་དབང་བསོད་ནམས། $100/ རབ་དགའ། $100 བྱམས་པ་དབང་འདུས། $100 གོང་གསལ་ཨ་སྒོར་བསྡོམས། $1060 སླར་ཡང་ངག་དབང་བསོད་ནམས་ཀྱིས་ཧིན་སྒོར་༢༥༠༠༠ དགེ་བཤེས་བསྟན་དགའ་ལགས་ཀྱིས་ཧིན་སྒོར། ༢༠༠༠

གོང་གསལ་ཨ་སྒོར་དེ་དག་ཨ་རི་ནས་བསོད་ནམས་རྡོ་རྗེའི་མིང་ཐོག་ནས་རྒྱ་གར་དུ་ངའི་མིང་ཐོག་ཐད་གཏོང་གནང་བའི་མཛར་བསྒྱུར་ཧིན་སྒོར། ༤༥༨༡༠ ཐོག་ཧིན་སྒོར་༢༧༠༠༠ བསྣན་པས་ཁྱོན་བསྡོམས་ཧིན་སྒོར༧༢༨༡༠ ཐམ་པ་ཏག་ཏག་བྱུང་། གཞན་ཡང་ཁོ་བོའི་རིག་པའི་གྲོགས་པོ་དང་དགོན་པ་གཅིག་པ། དགེ་ཕྲུག་དང་སྤུན་མཆེད་ཁག་གཅིག་གིས་གློག་ཀླད་དུ་འཇུག་པ་དང་ཞུས་དག་གཏོང་རོགས་གནང་བ་སོགས་ཀྱི་ཆ་རྐྱེན་དེ་དག་ལ་བརྟེན་ནས་རྣམ་ཐར་འདི་བཞིན་ལེགས་གྲུབ་བྱུང་བས་གོང་གསལ་འབྲེལ་ཡོད་དེ་དག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །


པར་བྱང་སྨོན་ཚིག སྟོང་གསུམ་ཛམྦུའི་གསེར་གྱིས་བཀང་བྱས་ཀྱང་། ། ཆ་ཡི་ཆ་ཙམ་བསྐྲུན་པར་མི་ནུས་པའི། ། དོན་བཟང་བསམ་འཕེལ་ནོར་བུས་ཡོངས་གཏམས་པ། ། དད་གསུམ་རྦ་རླབས་འཕྱུར་བའི་ཆུ་གཏེར་འདི། ། བར་དུ་བསྐྲུན་པའི་རྒྱ་མཚོའི་གོས་གྱི་ཁྱོན། ། ། དད་གསུམ་དཔུང་པས་གྱེན་དུ་འདེགས་པ་ལ། ། ཁྱབ་འཇུག་ཁེངས་པ་ས་འོག་བཅིལ་བའི་འཕྲུལ། ། དཔག་ཡས་ལེགས་བྱས་འཆང་བ་དེ་དག་ཀུན། །འགྲོ་ཀུན་འདྲེན་པའི་བྱེད་པོ་ཉིད་གྱུར་ཅིག། ། ཅེས་པ་ཡང་པར་བྱང་སྨོན་ཚིག་གི་ཚུལ་དུ་རྣམ་ཐར་རྩོམ་པ་པོ་རང་གིས་སྦྱར་བ་དགེ་ལེགས་འཕེལ།། །།

ཞུ་དག་གཏོང་མཁན། ཆུང་ཚེ་རིང་། ཚེ་བརྟན་དབྱངས་སྐྱིད། ལྟག་བུ་ནམ་མཁའ། དགེ་བཤེས་རིན་ཆེན་དངོས་གྲུབ། ། བསོད་ནམས། དཀོན་མཆོག་འཕེལ་རྒྱས། ཟླ་བ་ཆོས་འཚོ། གློག་ཀླད་དུ་འཇུག་མཁན། བདེ་སྐྱིད། ཐུབ་བསྟན། ཕུན་བཀྲ། རྒྱབ་ཤ་ཇུས་འགོད་པ། རྔ་པ་བསོད་དེ། པར་ངོས་ཇུས་འགོད་པ། བེ་རི་འཇིགས་མེད།


རྣམ་ཐར་དད་གསུམ་རྦ་རླབས་འཕྱུར་བའི་ཆུ་གཏེར། རྩོམ་པ་པོ་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ། དཔེ་བསྐྲུན་བྱ་ཡུལ། ལྡི་ལི་ཨ་ཆ་ན་པར་ཁང་། པར་གཞི་དང་པོ། སྤྱི་ལོ་ 2005 ལོར་བསྒྲིགས། པར་ཐེངས་དང་པོ། 2006 ལོ་ཟླ་བ 1 ནང་བརྒྱབ། འདོན་ཐེངས་དང་པོ་ཚར་གྲངས 1000 ཐམ་པ། དེབ་རེར། ཧིན་སྒོར་ 100 ཨ་སྒོར་ 4/