ཀླུ་ཤོད་བསོད་ནམས་རྒྱ་མཚོ་
ཀླུ་ཤོད་བསོད་ནམས་རྒྱ་མཚོ་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1785 ལོར་མདོ་སྨད་སྐྱིད་ཚའི་སྒང་བསོད་དཀོན་ནེའི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ 1852 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་མཆོད་རྟེན་ངོར་ཞུགས་ཏེ་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་སྦྱངས། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཤིང་ཀླུ་ཤོད་པ་ཕུན་ཚོགས་སེང་གེ་དགེ་རྒན་དུ་བསྟེན་ཏེ་རིགས་ལམ་ལ་སྦྱངས། དགུང་མོ་སྤོས་མེའི་འོད་ལ་རྟེན་ནས་མདའ་ཚད་མ་ཤོག་བརྒྱད་ཐུགས་ལ་འཛིན་ཐུབ་ཅིང་ཐལ་ཕྲེང་ལ་ཡང་ཤིན་ཏུ་བྱང་བར་གྱུར། རྡོ་རམས་པའི་མཚན་བཏགས་བཞེས་ཤིང་ཐོས་བསམ་གླིང་གི་ཆོས་ཁྲིམས་པར་བཞེངས། ཨ་མཆོག་རྒྱུད་པ། སེ་ཆང་སྒར། དབལ་ཤུལ་དགོན་རྣམས་ཀྱི་ཁྲི་བ་མཛད། རྡོ་རྗེ་འཛིན་པར་ཡུན་རིང་བཞུགས། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ཤིང་ལོ་གསུམ་གྱི་རིང་དུ་འཆད་ཉན་བསྐྱངས། མགོན་འཇིགས་ཀྱི་གདམས་པ་ཐུགས་ཉམས་སུ་བཞེས་ཤིང་། ལྕགས་མཁར་གཏོར་སྒྲུབ་ཀྱི་རྡོ་རྗེ་སློབ་དཔོན་ཡང་ལན་མང་དུ་མཛད། ལྕགས་མཁར་ཞིག་གི་དུས་སུ་ཆོས་རྒྱལ་ཐང་ཀའི་སྙན་ཤལ་འགུལ་བ་གཟིགས། དགུང་ལོ་རེ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་ཉེར་བཞི་པ་ཡིན་ནོ། །