ཀླུ་ཤོད་ཕུན་ཚོགས་སེང་གེ་
ཀླུ་ཤོད་ཕུན་ཚོགས་སེང་གེ་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1773 ལོར་མདོ་སྨད་ཀླུ་ཤོད་སྐྱིད་ཚར་ཡབ་རྡོ་རྗེ་ཚེ་བརྟན་དང་། ཡུམ་སྒྲོལ་མ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1844 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་དགུ་པར་ཁྱིམ་ཐབས་སྤངས་ཏེ་བྲོས་སྟབས་ཀྱིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཆོས་སྒོར་ཞུགས། ཧོར་ཚང་གསེར་ཁྲི་རིན་པོ་ཆེ་དང་། རྐང་ཚའི་མཁས་མཆོག་སོགས་ལ་བསྟེན་ནས་བསྡུས་གཞུང་ལ་སོགས་པའི་མཚན་ཉིད་ཀྱི་གཞུང་ལ་ཐོས་བསམ་ནན་ཏན་དུ་མཛད། དགེ་འདུན་ཉི་ཤུ་ཆེན་མོ་དང་། དྲང་ངེས་རྣམ་འབྱེད་ཆེན་མོ། ཕར་ཕྱིན་ཆ་ཚང་། དབུ་མ་ལུང་རིགས་སྒྲོན་མེ། མཛོད་ཊིཀ་ཐར་ལམ་གསལ་བྱེད་བཅས་ཐུགས་ལ་བཟུང་སྟེ་སྐྱོར་སྦྱངས་ཡུན་དུ་གནང་། འཛིན་གྲྭའི་སྐྱོར་དཔོན་ཡུན་རིང་དུ་མཛད། མཁས་དབང་རིགས་གྲྭའི་བློ་བཟང་ལས་སྒྲ་སྡེབ་སྦྱོར་སྙན་ངག་བཅས་དང་། དགེ་བཤེས་ཆོ་ཧོར་སྦྱིན་པ་ལས་ས་རིས་ཡོངས་རྫོགས་བསླབས། གུང་ཐང་འཇམ་པའི་དབྱངས་ལས་འདུལ་བའི་མཐའ་དཔྱོད་དང་འདུལ་བ་མདོ་རྩ་བཅས་ལ་ཐུགས་གཉེར་ལེགས་པར་མཛད་ཅིང་རྡོ་རམས་པའི་མཚན་བཏགས་བཞེས། གྲྭ་ཚང་དགེ་བསྐོས་དང་། དུས་འཁོར་གྱི་ཁྲི། རྒྱུད་པའི་ཁྲི། གདན་སའི་ཁྲི་བཅས་ལ་རིམ་གྱིས་བཞུགས་ནས་སྐབས་སུ་བབས་པའི་མཛད་སྒོ་ཐམས་ཅད་ལེགས་པར་གྲུབ། ཁྲི་ཟུར་ནས་མཛོད་དགེ་དགོན་གསར་དང་བདེ་མོ་ཐང་གཉིས་ཀར་མདོ་སྔགས་ཀྱི་འཆད་ཉན་བསྐྱངས། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དོན་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་སོ་བདུན་པ་ཡིན་ནོ།།