ཀླུ་རི་དགོན།

ཡོང་ཁུངས་Wikipedia

འབྲོང་རྩེ་དགོན་ནས་སྣུམ་ནག་འཁོར་ལམ་བརྒྱུད་སྤྱི་ལེ་༥ཙམ་པ་སྣམ་རྫོང་གི་ཕྱོགས་སུ་སོང་ན་ར་སོག་ཅེས་པའི་ཡུལ་གྱི་ལྷོ་ངོས་རི་ཁུག་ཏུ་བཙུན་མའི་དགོན་དེ་མཇལ་རྒྱུ་ཡོད། ཀླུ་རི་ཞེས་པ་ནི་རྒྱབ་རི་གློ་བའི་དབྱིབས་ཅན་ཞིག་ཡོད་སྟབས་རི་མིང་དགོན་པར་ཐོགས་ཀྱང་རྗེས་སུ་རིམ་བཞིན་ཀླུ་རི་ཞེས་པར་སྒྲ་འགྱུར་ཞེས་གསུངས། དགོན་དེ་ནི་ཐོག་མར་གུ་རུ་རིན་པོ་ཆེ་ཅུང་ཐོས་ཞེས་པ་ནས་དགོན་དེའི་མདུན་རིའི་སྟེང་གི་གཟིམ་ཕུག་ཅེས་པར་བཞུགས་པ་དང་དེར་གུ་རུའི་ཞབས་རྗེས་དང་དུར་ཁྲོད་ཅིག་ཀྱང་ཡོད། དེ་[page 23] ནས་ད་ལྟའི་དགོན་གནས་དེར་ཕེབས་ཏེ་ཞག་གསུམ་བཞུགས་པའི་སྒྲུབ་ཕུག་ད་ལྟའང་མཇལ་རྒྱུ་ཡོད་ལ། དགོན་དེའི་ལྟག་ཏུ་སྒྲུབ་ཆུ་ཞིག་ཀྱང་ཡོད་པས་མཁྲིས་པ་དང་མགོ་ནད་སོགས་ལ་ཕན་ཞེས་ཟེར། དེ་ནས་ད་ལྟའི་བཙུན་མའི་དགོན་དེ་ཉིད་ཕྱག་བཏབ་གནང་མཛད། སྔོན་འདུ་ཁང་ཀ་བཞིའི་ནང་གུ་རུ་གཙོ་འཁོར་གསུམ་དང་། སྒྲུབ་ཕུག་ནང་གུ་རུའི་སྐུ་བརྙན་སོགས་ཡོད། སྔོན་བཙུན་མ་བཅུ་གཅིག་གིས་ཐེག་མཆོག་གླིང་དང་གཅིག་མཚུངས་སྙིང་ཐིག་ཕྱག་ལེན་མཛད་པ་ཡིན།

ད་ལྟ་བསྐྱར་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། སྒྲུབ་ཆུ་བྱིན་ཅན་སྔར་བཞིན་ཡོད་པས་ཁྲུད་ཆུ་ཞུ་བར་ཕེབས་མཁན་མང་པོ་ཡོད།

ཡང་དེ་ནས་པ་སྣམ་རྫོང་གི་ཕྱོགས་སུ་སོང་ན་གནས་གསར་ཞེས་པའི་གྲོང་གི་དབུས་སུ་ཡུམ་ཆེན་མོ་ཞེས་པ་དང་། དེའི་ལྟག་རུ་སྤྱན་རས་གཟིགས་ཞེས་པའི་གྲྭ་དགོན་ཞིག་ཀྱང་མཇལ་རྒྱུ་ཡོད།