ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོ་
| |
མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „དགའ་ལྡན་ཁྲི་ཐོག་ཞེ་བཞི་པ་ཁྲི་རྒྱ་ནག་པ་བློ་གྲོས་རྒྱ་མཚོ་མཆོག“! ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ། |
ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོ་ ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ་1635 ལོར་ཨ་མདོ་ཀླུ་འབུམ་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1688 ལོར་སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་མདོ་ཕྱོགས་ཀྱི་གཞུང་ཆེན་རྣམས་ལ་ཐོས་བསམ་ནན་ཏན་དུ་མཛད། དེ་ནས་རྒྱུད་སྨད་དུ་ཞུགས་ཏེ་གསང་སྔགས་ཀྱི་གཞུང་ལུགས་དང་ཆོ་ག་ཕྱག་ལེན་བཅས་ལ་སྦྱངས་པ་དཔྱིས་བྱིན་པར་མཛད། སྒོ་མང་དང་། རྒྱུད་སྨད། བྱང་རྩེ་བཅས་ཀྱི་འཆད་ཉན་པ་ཡུན་རིང་དུ་མཛད། དགུང་ལོ་བཞི་བཅུ་ཞེ་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1682 ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་གསུམ་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་དགའ་ལྡན་འདུ་ཁང་ཆེན་མོའི་ཨར་པོ་རྒྱ་ཆེ་བ་སོགས་བྱ་བ་ལས་ཀྱི་འཁོར་ལོས་གདན་ས་ཆེན་པོའི་ཕན་བདེའི་རྩ་ལག་དམ་པར་གྱུར། དགུང་ལོ་ལྔ་བཅུ་ང་གཉིས་པ་རབ་བྱུང་བཅུ་གཅིག་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ 1686 ལོར་སོག་ཡུལ་དུ་ཕེབས་ཏེ་ཧལ་ཧ་དང་ཨོ་རོད་བར་གྱི་ཁ་མཆུ་བསྡུམས་ཤིང་ཆིངས་ཚོ་མཛད་དེ་སྤྱི་བླ་ལྟ་བུར་གྱུར། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་གཉིས་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ 1687 ལོར་གོང་མའི་ཕོ་བྲང་ཆེན་མོ་པེ་ཅིན་དུ་ཕེབས་ཏེ་གོང་མ་ཁང་ཞི་དང་མཇལ་འཕྲད་མཛད་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དགུང་ལོ་ལྔ་བཅུ་ང་བཞི་པར་རང་ཡུལ་དུ་ཕེབས་པའི་ལམ་ཁར་སྐུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་དངུལ་གདུང་སྒོ་མང་མཆོད་རྟེན་བཞེངས་ཏེ་བདེ་གཤེགས་ལྷ་ཁང་དུ་བཞུགས་སོ། འདིའི་དུས་ནས་བོད་ཀྱི་བླ་ཆེན་ཁག་མེས་རྒྱལ་ནང་ཁུལ་དུ་ཕེབས་པའི་སྲོལ་དངོས་སུ་དར་སྟབས་ཁོང་གི་མཚན་ལ་ཡང་ཁྲི་རྒྱ་ནག་པ་དང་། རྒྱ་ནག་པ་བློ་གྲོས་རྒྱ་མཚོ་བཅས་ཞུའོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་བཞི་བཅུ་ཞེ་བཞི་པ་ཡིན་ནོ། །