Jump to content

ཀླུ་མེས་ཤེས་རབ་ཚུལ་ཁྲིམས་

ཡོང་ཁུངས་Wikipedia

ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་དབུས་ཤ་ཚར་དུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་སུ་མདོ་སྨད་རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས་བླ་ཆེན་དགོངས་པ་རབ་གསལ (953 -- 1035) ལས་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ཤིང་གྲུམ་ཡེ་ཤེས་རྒྱལ་མཚན་ལས་འདུལ་བ་གསན། དེ་ནས་དབུས་གཙང་དུ་ལོག་ཕེབས་མཛད་ཅིང་བསམ་ཡས་གཙུག་ལག་ཁང་སོགས་ལ་ཞིག་གསོས་མཛད། དེ་རྗེས་དབུ་རུར་ལ་མོ་ཆག་དེའུ་བཏབ་པ་དང་། མི་ཆོས་ཀྱི་ས་ཁུལ་དུ་བ་ལམ་གནས་བརྩིགས་པ་དང་། མོར་འགྱེལ་བརྩིགས་ཤིང་སློབ་བུ་བསྐྱངས། ཁོང་གི་སློབ་མ་གྲགས་ཆེ་བ་ལ་ཀ་བ་བཞི་ཡོད་དེ། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་དང་། རྔོག་བྱང་ཆུབ་འབྱུང་གནས། གླན་ཡེ་ཤེས་ཤེས་རབ། གྲུ་མེར་ཚུལ་ཁྲིམས་འབྱུང་གནས་བཅས་ཡིན། ཁོང་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་གྲགས་ཆེ་བའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་གི་ཡ་གྱལ་ཞིག་ཡིན་ནོ། །