ཀྲེ་བོ་ཤེས་རབ་དཔལ་བ་
མཐོང་རིས་
ཀྲེ་བོ་ཤེས་རབ་དཔལ་བ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་ཤིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་མདོ་སྔགས་གཉིས་ཀའི་གཞུང་ལུགས་ལ་སློབ་གཉེར་མཛད་པ་དང་། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པར་སྦྱངས་ནས་རྒྱ་གཞུང་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི《བསྟན་འགྱུར》ལས《སྦྱོར་བའི་ཕྲེང་བ》དང་། 《དབང་གི་རབ་ཏུ་བྱེད་པ》། 《བརྒྱད་སྟོང་པ་མངོན་རྟོགས་རྒྱན་དང་སྦྱར་བའི་འགྲེལ་བ》། 《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་བ་གནད་ཀྱི་ཟླ་བའི་འོད》བཅས་བཞུགས་སོ། །