Jump to content

ཀྱི་ཧུད་

ཡོང་ཁུངས་Wikipedia

ཀྱི་ཧུད་ཅེས་པ་ནི་བོད་ཀྱི་ཆོས་ཀྱི་གཞུང་ལུགས་ནང་གི་སྨྲེ་སྔགས་ཀྱི་ཚིག་ཅིག་སྟེ། མྱ་ངན་དང་འགྱོད་པ། སྙིང་རྗེ། དམད་པ་བཅས་ཀྱི་དོན་དུ་སྤྱོད་པའི་ཚིག་ཡིན།

ནང་དོན།

[རྩོམ་སྒྲིག]

"ཀྱི་ཧུད་ཅེས་མྱ་ངན་གྱི་སྨྲེ་སྔགས་དང་བཅས་ཏེ་འཆི་བདག་གིས་གློ་རྡེག་ཏུ་བདག་ཉིད་བཅོམ་མོ་ཞེས་ཡིད་ལ་སེམས་ཤིང་འགྱོད་པས་གདུངས་པར་འགྱུར་བ།"[] ཞེས་གསུངས།

མྱ་ངན་གྱི་སྨྲེ་སྔགས། འཆི་བདག་གིས་བཟུང་བའི་ཚེ་ལེ་ལོ་སྤངས་ནས་དགེ་བ་སྒྲུབ་པར་འདོད་ཀྱང་དགེ་བ་སྒྲུབ་ལོང་ཡོད་པའི་དུས་མ་ཡིན་ཞིང་དགེ་བ་སྒྲུབ་པ་ལ་ནུས་པ་ཡོད་པའི་དུས་ཀྱང་མ་ཡིན་པ་ན། "ཀྱི་ཧུད་བདག་འཆི་བདག་གིས་འདི་བཞིན་བཅོམ་པར་གྱུར་ཏོ་ཞེས་སེམས་ཤིང་བློ་ལྷག་རི་རབ་ཙམ་ལུས་ནས་ཚེ་ཕ་རོལ་དུ་མཆི་བར་འགྱུར་རོ། །"[]ཞེས་གསུངས།

སྙིང་རྗེའི་ཚིག བསྟན་བཅོས་རྩོམ་པ་པོ་རྣམས་ཀྱིས་སྙིང་རྗེའི་དབང་གིས་"ཀྱི་ཧུད་རྨོངས་པ་རྣམས་འདོད་པ་མི་འཐོབ་ཅིང་མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ་དག་གིས་བཅོམ་པར་འགྱུར་"[]ཞེས་སྨྲས། འདི་ནི་རྨོངས་པ་ཅན་གྱི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས་བཤད་པའི་ཚིག་ཡིན།

དམད་པ་དང་གདམས་ངག "ཀྱི་ཧུད་སེམས་རྨོངས་པ་ཁྱོད་ཀྱིས་ཅིའི་ཕྱིར་འདི་ལ་བདག་གི་ལུས་སོ་སྙམ་དུ་འཛིན་པའི་ང་རྒྱལ་ཅིའི་ཕྱིར་སེལ་བར་མི་བྱེད་དེ་གཉེན་པོའི་སྟོབས་ཀྱིས་ལུས་ལ་བདག་གམ་བདག་གིར་འཛིན་པ་བསལ་ནས་རྒྱུན་གཅོད་པར་རིགས་སོ་ཞེས་འདོམས་པའོ། །"[]"ཀྱི་ཧུད་འདི་ཕྱི་ཐམས་ཅད་དུ་འཆི་བ་ལ་སོགས་པ་མི་འདོད་པའི་སྡུག་བསྔལ་དག་གིས་བཅོམ་པར་འགྱུར་བས་སྙིང་རྗེ། དེས་ན་འཆི་བ་དྲན་ནས་དགེ་བ་ལ་བརྩོན་པར་རིགས་སོ། །"[]"ཀྱི་ཧུད་ལུས་འདི་ལ་བདག་གམ་བདག་གིར་ང་རྒྱལ་བ་ཅིའི་ཕྱིར་སེལ་བར་མི་བྱེད།"[] ཅེས་ལུས་ལ་ཆགས་ཞེན་གཅོད་པའི་གདམས་ངག་གི་ནང་དུ་ཡང་སྤྱོད། "ཀྱི་ཧུད་འདི་དག་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པ་སོགས་ཀྱི་སྒོ་ནས་སེམས་ཅན་སྡུག་བསྔལ་གྱི་འདམ་དུ་བྱིང་བ་ལ་མྱ་ངན་བྱ་བར་འོས་པས་སྙིང་རྗེ་ཆེན་པོ་བསྒོམ་པ་ལ་འབད་པར་བྱའོ། །"[]ཞེས་གསུངས།

འབོད་པའི་ཚིག "ཀྱི་ཧུད་སྡུག་བསྔལ་དག་གིས་བཅོམ། །ཞེས་གསུངས་ཏེ་འདི་རྨོངས་པ་ཆེན་པོ་ཉིད་ཀྱིས་དཀའ་བའི་གནས་སྐབས་སུ་ཞུགས་སོ་ཞེས་པ་དང་། བདག་ཉིད་ལ་ཡང་སྐྱོ་བར་བྱེད་དེ། དེ་བཞིན་དུ་གཞན་དུ་ཡང་ཇི་ལྟར་རིགས་པར་བལྟ་བར་བྱའོ། །བརྩོན་མེད་ཅེས་པ་ལ་སོགས་པ་རྣམས་ནི་འབོད་པའི་ཚིག་རྣམས་ཡིན་ནོ། །"[] "ཀྱི་ཧུད་མ། ཀྱི་ཧུད་ཕ། ཀྱི་ཧུད་བུ་ཞེས་ཟེར་ཏེ།"[] ཞེས་འཆི་བའི་སྐབས་སུ་ཕ་མ་བུ་ཕྲུག་གིས་ཕན་ཚུན་ལ་སྨྲ་བའི་སྐབས་སུའང་སྤྱོད། ཀྱེ་ཧུད་ཅེས་བདག་ལྟའི་འདུ་ཤེས་ལ་དམད་པ་དང༌། དེས་སྐྱོ་བའི་ཚིག་སྟེ་འཇམ་དཔལ་རྣམ་རོལ་གྱི་མདོར། "དེ་བཞིན་གཤེགས་པས་ཚོང་དཔོན་གྱི་བུ་འཇིགས་བྱིན་ལ་སྨད་ཚོང་གི་བུ་མོ་གསེར་མཆོག་འོད་དཔལ་བསྟན་ཏེ། ཁྱོད་ཀྱིས་འདི་ཅིར་མཐོང་དྲིས་པ་ན། འདི་ལུས་རྩ་དང་རྩིག་པ་འདྲ། །སེམས་ནི་བསྟན་ཏུ་མ་མཆིས་ཏེ། །ཞེས་སོགས་ཀྱིས་ལན་བཏབ་པ་བཞིན་ནོ། །"ཞེས་གསུངས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང། ཤིང་དཔར། ཤོག་གྲངས། 651
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར། ཤོག་གྲངས། 375
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང། ཤིང་དཔར། ཤོག་གྲངས། 657
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང། ཤིང་དཔར། ཤོག་གྲངས། 896
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར། ཤོག་གྲངས། 378
  6. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་གྲངས། 175
  7. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་གྲངས། 337
  8. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་གྲངས། 194
  9. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་གྲངས། 491