ཀྱི་རི་ལྗོན་སྔོན་
འདི་ལ་ཏུན་ཧོང་གི་ཡིག་རྙིང་གྲས་རྒྱལ་ཕྲན་བཅུ་བདུན་གྱི་སྐོར་བཤད་པའི་ཐད་ཡུལ་སྐྱེ་རི་ལྗང་སྔོན་ན་ཞེས་དང་། 《མཁས་པ་ལྡེའུའི་ཆོས་འབྱུང》ནང་ཡུལ་གྱི་རི་ལྗོངས་སྔོན་ཞེས་ཕྲན་བུ་མི་འདྲ་ཙམ་སྣང་ཞིང་། རྒྱལ་པོའི་མིང་ལ་ཆོས་འབྱུང་གསུམ་ཀར་རྒྱལ་པོ་སྐྱི་རྗེ་རྨང་པོ་ཞེས་མཐུན་པར་བྱུང་བ་དང་། བློན་པོའི་མིང་ལ་《ལྡེའུ་ཆོས་འབྱུང》དང《མཁས་པའི་དགའ་སྟོན》གཉིས་ཀར་བློན་པོ་ངམ་དང་འབྲོ་ཞེས་མཐུན་ཀྱང་། 《ཏུན་ཧོང་གི་ཡིག་རྙིང》ལས་བློན་པོ་ཤེའུ་དང་སྤུག་ཅེས་མི་འདྲ་བ་སྣང་། གོང་གསལ《ལྡེའུའི་ཆོས་འབྱུང》《མཁས་པའི་དགའ་སྟོན》གཉིས་ཀ་ལས་རྒྱ་སྐྱི་རི་ལྗང་སྔོན་ཞེས་པའི་ཡུལ་དེ་བོད་དབུས་གཙང་རུ་བཞིའི་རུ་ལག་གི་ཁོངས་སུ་ཡོད་ངེས་ཏེ། བཙན་པོ་སྲོང་བཙན་སྒམ་པོས་ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་བཀས་བཅད་མཛད་སྐབས“གཙང་སྟོད་གཙང་སྨད་འབྲོ་དང་ཁྱུང་པོའི་ཡུལ”ཞེས་སྔོན་དུས་རྒྱལ་ཕྲན་སིལ་མའི་དུས་སྐབས་སུ་ཡུལ་སྡེ་ཁག་རྣམས་རུས་རྒྱུད་ཚོ་པ་མི་འདྲ་བའི་རྗེ་བློན་སོ་སོས་དབང་འཛིན་བྱས་པའི་དབང་རིས་རྣམས་སྔར་ཡོད་རང་འཇགས་སུ་འཇོག་གནང་ཐོག། ཁོང་ཚོར་རང་ཁོངས་ཀྱི་ཡུལ་སྡེ་ནས་དཔོན་རིགས་ཀྱི་གོ་གནས་བསྐོ་གཞག་གནང་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།