ཀྱི་ཚོ་སྟོད་པ་
མཐོང་རིས་
དེ་སྔོན་བསྟན་པ་ཕྱི་དར་འགོ་ཚུགས་སྐབས་དབུས་གཙང་མཁས་པ་མི་དྲུག་གི་ནང་ཚན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལ་མཁན་བརྒྱུད་འཛིན་པའི་སློབ་མ་ཉི་ཤུ་རྩ་བཞི་བྱུང་བའི་གྲས་ནས་ཀྱི་ཡེ་ཤེས་དབང་པོའི་སློབ་མ་ཨ་མེས་གཞུ་གཅིག་ལ་མཁན་བུ་བཞི་སྟེ། ༡ཁྲི་སྟོན་བརྩོན་འགྲུས་འབར་གྱིས་ཤོང་སྣ། ༢ས་རྦད་བཙུན་ཆུང་གིས་བྲང་ཆུང་། ༣རྒྱ་སྟོན་ཨ་རྱ་དེ་ཝས་སྤོ་རུ་སྣ། ༤འདར་ཤཱཀྱ་གཞོན་ནུས་སར་ཕུག་བཅས་བཟུང་སྟེ་ཚོགས་པ་བསྐྱངས་པ་ལས་རིམ་པ་བཞིན་ཁྲི་ཚོ་དང་། བྲང་ཚོ་རྒྱ་ཚོ་འདར་ཚོ་བཅས་བྱུང་བ་དེ་རྣམས་ཀྱི་སྤྱི་མིང་ལ་ཀྱི་ཚོ་སྟོད་པ་ཟེར་སྲོལ་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།