Jump to content

ཀོའུ་ཤམ་བྷི་

ཡོང་ཁུངས་Wikipedia

རྒྱ་གར་མ་ག་དྷའི་ནུབ་ཕྱོགས་སུ་ཡོད་པའི་ཡུལ་ཞིག་སྟེ《རྒྱ་གར་ཆོས་འབྱུང》ཤོག་གྲངས༥༥ལས་མ་ལཱ་ཝའི་ཡུལ་གྱི་བྱེ་བྲག་ཀོའུ་ཤམ་བྷི་ཞེས་གསལ་ཞིང་། 《མདོ་མཛངས་བླུན》ཆོ་འཕྲུལ་གྱི་ལེའུར། ཀོའུ་ཤམ་བྷིའི་རྒྱལ་པོ་ཨུ་ཏྲ་ཡ་ན་ཞེས་དང་། 《དཔག་བསམ་འཁྲི་ཤིང》ལེའུ་ཞེ་གཉིས་པར་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུ་ཏྲ་ཡ་ན་ཞེས་གསལ་བ་རྣམས་ཕན་ཚུན་བསྡུར་ན་མ་ལཱ་བའི་ཡུལ་ཞེས་པ་རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཆེན་པོ་ཞིག་གི་མིང་དང་། ཀོའུ་ཤམ་བྷི་ནི་ཡུལ་གྲུ་དེའི་ཆ་ཤས་བྱེ་བྲག་པ་ཞིག་གི་མིང་དང་། གྲོང་ཁྱེར་སྒྲ་སྒྲོགས་ནི་རྒྱལ་པོ་ཨུ་ཏྲ་ཡ་ནའི་སྲིད་དབང་གནས་ཡུལ་གྲོང་ཁྱེར་དེའི་མིང་ཡིན་པ་བཅས་སུ་གོ་དགོས་ཤིང་། སྟོན་པ་སངས་རྒྱས་རྡོ་རྗེ་གདན་དུ་སངས་རྒྱས་ནས་དབྱར་གནས་ཐེངས་དགུ་པ་ཀོའུ་ཤམ་བྷིར་མཛད་པ་དང་། གཏད་རབས་བདུན་གྱི་ལྔ་པ་འཕགས་པ་དྷི་དྷི་ཀ་སྐུ་ཚེའི་སྨད་དུ་ལོ་མང་པོའི་རིང་བསྙུན་ནས་ཡུལ་འདི་རང་དུ་མྱ་ངན་ལས་འདས་ཤིང་ཐང་རྒྱལ་རབས་ཀྱི་མཁས་པ་ཆེན་པོ་ཐང་སན་བླ་མ་ཡུལ་འདིར་ཕེབས་སྐབས་ཡུལ་འདིའི་ཁོར་ཡུག་ཏུ་ལེ་དབར་དྲུག་སྟོང་ལྷག་ཙམ་དང་། མཁར་གྲོང་ཆེན་པོ་ཁོར་ཡུག་རྒྱང་གྲགས་སུམ་ཅུ་ལྷག་ཙམ། ས་རྒྱུ་ལེགས་ཤིང་གནམ་གཤིས་དྲོ་བ། འབྲས་བུ་རིགས་གསུམ་དང་། བུར་ཤིང་འབེལ་བ། མིའི་རང་བཞིན་གཏུམ་ལ་རྒོད་པ། དཔའ་རྩལ་ཆེ་ཞིང་སློབ་སྦྱོང་ལ་དགའ་བ་དང་། ཆོས་དད་ཧ་ཅང་ཆེ་བ། གཙུག་ལག་བཅུ་ལྷག་ཙམ་གྱི་ནང་དགེ་འདུན་སུམ་བརྒྱ་ལྷག་ཙམ་ཡོད་པ་ཐམས་ཅད་ཐེག་དམན་གྱི་ཆོས་ཁོ་ན་ལ་སྤྱོད་པ་དང་། ཕྱི་རོལ་པའི་ལྷ་ཁང་ལྔ་བཅུ་ཙམ་ན་མུ་སྟེགས་པའི་གྲུབ་མཐའ་འཛིན་པ་ཤིན་ཏུ་མང་པོ་ཡོད་པ་དང་། མཁར་གྲོང་དེའི་ནང་དུ་ལྡིང་ཁང་ཤིན་ཏུ་མཐོ་བ་དཔངས་སུ་ཁྲུ་དྲུག་ཅུ་ལྷག་ཙམ་གྱི་ནང་ན་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཙན་དན་ལས་གྲུབ་པ་ཞིག་དང་། དེའི་དབུ་ཐོག་ན་རྡོ་ལས་བརྐོས་པའི་གདུགས་ཕུབ་པ་ཞིག་ཡོད་པ་དེ་ནི་ཙན་དན་ཇོ་བོ་རྒྱ་ནག་ཏུ་གདན་དྲངས་པ་དེའི་ཚབ་ཡིན་པ་སོགས་གནའ་རབས་ཤུལ་རྙིང་མང་པོ་ཞིག་གཟིགས་པའི་གནས་ཚུལ་སྐོར་ཐང་སན་བླ་མ་རང་ཉིད་ཀྱིས་མཛད་པའི《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག》རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་དཔེ་བྲིས་མའི་ཤོག་གྲངས༦༣ནས༦༤བར་གསལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི《གཏམ་རྒྱུད་གསེར་ཐང》ལས། ཝ་ར་ཎྰ་སི་ནས་ཨ་ལ་ཧ་བ་ད་དང་། དེ་ནས་མལ་ལེ་མང་ཙམ་སོང་བ་ན་ཆུ་བོ་ཡ་མུ་ནའི་འགྲམ་དུ་ཀོའུ་ཤམ་བྷའི་ཤུལ་ཡོད་ཅིང་། དེང་སང་ཡང་མིང་ལ་ཀོ་ཤམ་ཟེར་ཞིང་། སྔོན་གྱི་གྲོང་ཁྱེར་ཆགས་པའི་ཤུལ་གྱི་ལྕགས་རི་རྣམས་ཞིང་ཁའི་དཀྱིལ་ནས་མཐོང་རྒྱུ་ཡོད་པ་དང་། ལྕགས་རི་ཞིག་པོ་དེའི་དབུས་ཀྱི་ལྟེ་བ་ན་རྒྱལ་པོ་མྱ་ངན་མེད་ཀྱིས་བསླངས་པའི་རྡོ་རིང་ཐོག་ཚད་གཉིས་ལྷག་ཙམ་ཡོད་པ་དེའི་ཉེ་འདབས་སུ་ཁྱིམ་བདག་གདངས་ཅན་གྱིས་སངས་རྒྱས་སྤྱན་དྲངས་སྐབས་བཞེངས་པའི་ཀུན་དགའ་ར་བའི་ཤུལ་དང་། ཡུལ་དེའི་ལྷོ་ནུབ་ཕྱོགས་སུ་རི་ཆུང་གཉིས་ཡོད་པ་མ་གཏོགས་གཞན་ཐམས་ཅད་ཐང་ཡིན་པ་དང་། བད་ས་ཞེས་པའི་ཡུལ་དང་། ཀོའུ་ཤམ་བྷི་ཞེས་པ་གྲོང་ཁྱེར་གྱི་མིང་ཡིན་པར་གསུངས། ཞིབ་པར《གཏམ་རྒྱུད་གསེར་ཐང》ལྕགས་དཔར་མའི་ཤོག་གྲངས༡༠༩ནས༡༡༡བར་གསལ་བ་དེར་གཟིགས། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།