ཀོའུ་བ་དཀའ་བཅུ་ཆོས་ཀྱི་རྒྱ་མཚོ་
ཀོའུ་བ་དཀའ་བཅུ་ཆོས་ཀྱི་རྒྱ་མཚོ་ ཁོང་ནི་རབ་བྱུང་བཅུ་བའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ 1571 ལོར་མདོ་སྨད་རྨ་ཀླུང་རྒྱུད་ཀྱི་སྐར་མ་ཐང་དུ་ཡབ་བསོད་ནམས་རིན་ཆེན་དང་། ཡུམ་པདྨ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ 1635 ལོར་ཙོང་ཁའི་ཨ་རྩེ་ས་ཆར་སྐུ་གཤེགས། དགུང་ལོ་བདུན་པ་ནས་བཅུ་བདུན་གྱི་བར། དགོན་གསར་དུ་བླ་མ་གོང་མ་ལས་ཡིག་ཀློག་དང་བཟུང་ཆོས་མང་དུ་གསན། དགོན་གསར་ཟེར་དོན་ནི་བླ་མ་ཆོས་ཀྱི་རྒྱལ་མཚན་གྱིས་འདུ་ཁང་རུང་ཁང་གསར་བཞེངས་མཛད་པས་དགོན་གསར་དུ་ཐོགས། དགུང་ལོ་བཅུ་བཞི་པར་རྒྱལ་བ་བསོད་ནམས་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་། དགུང་ལོ་བཅོ་བརྒྱད་པར་དབུས་སུ་ཕེབས། དགའ་ལྡན་དུ་ཁྲི་མངོན་དགའ་བྱམས་པ་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། སྒོམ་བདེ་ནམ་མཁའ་རྒྱལ་མཚན། ཆུ་བཟང་བྱམས་པ་ལྷུན་གྲུབ། ཞྭ་སེར་རབ་འབྱམས་པ་བརྩོན་འགྲུས་རྒྱ་མཚོ་རྣམས་རིམ་པར་བསྟེན་ཏེ། བསྡུས་གྲྭ། དབུ་ཕར། འདུལ་མཛོད་རྣམས་ལེགས་པར་གསན་ཏེ་ཉེར་དྲུག་པར་གླིང་བསྲེའི་དམ་བཅའ་བཞག་མཛད། དེའི་ཕྱི་ལོ་གཙང་དུ་ཕེབས་ཏེ་དཀྱིལ་ཁང་བ་སངས་རྒྱས་རྒྱ་མཚོར་བསྟེན་ནས་རྣམ་འགྲེལ་ལ་སྦྱངས་ཤིང་ངམ་རིང་དུ་གྲྭ་སྐོར་མཛད། ཉེར་བརྒྱད་པར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས། སྨད་རྒྱུད་དུ་ཆོས་རྗེ་རྣམ་རྒྱལ་དཔལ་བཟང་ལས་འདུས་པའི་བསྐྱེད་རྫོགས་སོགས་ཞིབ་ཏུ་གསན་པར་མ་ཟད། འབྲས་སྤུངས་སྔགས་པ་སློབ་དཔོན་ནམ་མཁའ་བཟང་པོ་དང་། ཉི་སྡིང་སེམས་དཔའ་ཆེན་པོ། ངག་དབང་ཆོས་ཀྱི་རྒྱ་མཚོ། སྟག་ལུང་གྲགས་པ་བློ་གྲོས་རྒྱ་མཚོ་ལས་ཀྱང་ཟབ་ཆོས་མང་དུ་གསན་དགུང་ལོ་སོ་བཞི་བར་རང་ཡུལ་དུ་ཕེབས་ནས་ཞེ་བདུན་བར་སྐུ་འབུམ་ཁྲིར་བཞུགས། དགུང་ལོ་ང་བཞི་བར་ཁྲི་བའི་ལས་འགན་དགོངས་པ་ཞུས་ཏེ་པར་ཡུལ་སྐར་མ་ཐང་དུ་ལྷ་ཁང་བཞེངས། ཨན་ཆུང་གནམ་རྫོང་། རྒོད་པོ་རྫོང་། བྲག་དཀར་རི་ཁྲོད་སོགས་སུ་འགྲིམས་ནས་སྒྲུབ་པའི་བསྟན་པ་ཆེས་ཆེར་སྤེལ། དགུང་ལོ་ང་བརྒྱད་པར་རེབ་ཀོང་དུ་བྱོན་ཏེ་ཆོས་པ་རིན་པོ་ཆེ་དང་། ཤར་སྐལ་ལྡན་རྒྱ་མཚོ་སོགས་གདུལ་བྱ་མང་པོར་ཆོས་ཀྱི་བདུད་རྩི་བསྩལ་ནས་སྨིན་གྲོལ་བཀོད། །