ཀོའུ་བ་ཆོས་རྒྱ་མཚོ་
ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དང་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དངོས་སློབ། སྐུ་འབུམ་གདན་ས་ཆེན་པོའི་མཁན་ཐོག་གཉིས་པ་ཡིན། རབ་བྱུང་བཅུ་པའི་ལྕགས་ལུག(༡༥༧༡)ལོར་སྐར་མ་ཐང་དུ་ཡབ་བསོད་ནམས་རིན་ཆེན་དང་ཡུམ་པདྨ་འཚོའི་སྲས་སུ་འཁྲུངས། དགུང་ལོ་བདུན་ནས་བཅུ་བདུན་གྱི་བར་འཁྲུངས་ཡུལ་དང་ཐག་ཉེ་བའི་དགོན་གསར་དུ་ཆོས་ཞུགས༌གནང་སྟེ། བླ་མ་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་དུ་ཆོས་བཀའ༌མང་པོ་གསན། ཏཱ་ལའི་བླ་མ་བསོད་ནམས་རྒྱ་མཚོམཚོ་སྔོན་དུ་ཕེབས་པ་དང་མཇལ་ཏེ་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་པ་ལ་ཁུ་བོ་ཆོས་ཀྱི་རྒྱལ་མཚན་གྱིས་མཐུན་རྐྱེན་གནང་བ་ལྟར་དབུས་གཙང་དུ་ཕེབས། དགའ་ལྡན་ཁྲི་ཆེན་བྱམས་པ་རྒྱ་མཚོ་དང་། སྒོམ་སྡེ་ཤར་པ་ནམ་མཁའ་རྒྱལ་མཚན་སོགས་བསྟེན་ནས་བསྡུས་གྲྭ་དང་། ཕར་ཕྱིན། དབུ་མ། འདུལ་མཛོད་བཅས་སློབ་གཉེར་གནང་། དགུང་ལོ་ཉེར་དྲུག་པ་མེ་སྤྲེལ་ལོར་དགེ་བཤེས་གླིང་བསྲེའི་དམ་བཅའ་བཞག། དེའི་ཕྱི་ལོར་བཀྲ་ཤིས་ལྷུན་པོར་ཕེབས། དཀྱིལ་ཁང་པ་སངས་རྒྱས་རྒྱ་མཚོ་བསྟེན་ནས་རྣམ་འགྲེལ་ལ་སློབ་གཉེར་མ། ཛད། དགུང་ལོ་ཉེར་བརྒྱད་པ་ས་ཁྱི་ལོར་དབེན་དགོན་དུ་ཕེབས་ནས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། གཞན་ཡང་མདོ་སྔགས་ཀྱི་ཆོས་མང་དུ་གསན། རྒྱུད་སྨད་གྲྭ་ཚང་དུ་ཡུན་མི་རིང་ཙམ་བཞུགས་ནས། མཁན་ཆེན་རྣམ་རྒྱལ་དཔལ་བཟང་གི་དྲུང་ནས་གསང་འདུས་བསྐྱེད་རྫོགས་དང་འགྲེལ་པ་སོགས་གསན། གཞན་ཡང་འབྲས་སྤུངས་སྔགས་པ་སློབ་དཔོན་ནམ་མཁའ་བཟང་པོ། དགའ་ལྡན་ཁྲི་ཆེན་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་སོགས་ཀྱི་དྲུང་ནས་གསང་སྔགས་ཀྱི་དབང་ཁྲིད་ལུང་སོགས་གསན། དགུང་ལོ་སོ་བཞི་པ་ཤིང་འབྲུག་ལོར་རང་ཡུལ་དུ་ཕེབས། དགུང་ལོ་ཞེ་བདུན་པ་མེ་སྦྲུལ(༡༤༡༦)ལོར་སྐུ་འབུམ་དགོན་པའི་ཁྲིར་ཕེབས་ཏེ་ལོ་བདུན་གྱི་རིང་འཆད་ཉན་དང་གཏོང་སྒོ་སོགས་གོང་འཕེལ་དུ་བསྐྱངས་ཏེ་ཁྲི་ཐོག་དགོངས་ཞུ་གནང་རྗེས་ཨན་ཆུང་གནམ་རྫོང་། རྒོད་པོ་རྫོང་། བྲག་དཀར་རི་ཁྲོད་བཅས་སུ་ཐུགས་དམ་ཉམས་བཞེས་གཙོ་བོར་མཛད། དགོན་གསར་རི་ཁྲོད་ལྷུན་གྲུབ་ཆོས་རྫོང་བཏབ་རྗེས་དེར་བཞུགས་ནས་སློབ་མ་མང་པོར་རང་རང་གི་འདོད་མོས་ལྟར་ཆོས་བཀའ་སྩལ། དགུང་ལོ་རེ་ལྔ་པ་ཤིང་ཕག(༡༦༣༥)ལོར་ཨ་རྩེའི་ཡུལ་དུ་དགོངས་པ་རྫོགས། སྐུ་གདུང་མཆོད་རྟེན་བཞེངས་པ་ཀོའུ་དགོན་པར་བཞུགས། རྣམ་ཐར་ཉུང་བསྡུས་ཤིང་ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་ཤོག་གྲངས༡༡ཙམ་ཡོད་པ་ཞིག་དེའི་གསུང་འབུམ་པོད[ཀ]པའི་ནང་དུ་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།