Jump to content

ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་

ཡོང་ཁུངས་Wikipedia

རྗེ་འདི་ཉིད་རབ་བྱུང་ལྔ་པའི་སྨད་ཙམ(༡༣༠༠ཡས་མས)དུ་ཁྲི་ཀའི་ཨར་རྐོང་ཀོའུ་བ་ཚང་དུ་སྐུ་བལྟམས། སྐུ་ཆུང་དུས་ནས་ཡི་གེ་འབྲི་ཀློག་ཐོགས་མེད་དུ་མཁྱེན། རབ་ཏུ་བྱུང་བ་ནས་བཟུང་ཚུལ་ཁྲིམས་མིག་འབྲས་ལྟར་རྩིས་སྲུང་མཛད། ཏཱ་དབེན་གྱི་གཞོན་ནུ་སེང་གེ་བླ་མ་སོགས་བལ་བོད་ཀྱི་མཁས་གྲུབ་ཆེན་པོ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་པའི་ཤེས་བྱ་ཟབ་ཅིང་རྒྱ་ཆེ་བ་གསན་སྦྱོང་མཛད་དེ་མཁས་པའི་སྙན་པ་ཐོབ། འགག་ཟའི་ཡུལ་དུ་ཆུ་མེད་པས་རྗེ་འདིས་རྫུ་འཕྲུལ་གྱི་སྟོབས་ཀྱིས་གདལ་སྣེ་གྲམ་པའི་ཆུ་ཀླུང་རི་ཐང་མང་པོའི་འོག་ནས་འགག་ཡུལ་དུ་དྲངས་པས་དེ་ནས་བཟུང་ཀོའུ་བ་རི་འཕུག་པར་གྲགས། མཚན་སྙན་གྲགས་ཆེ་བས་ཧོར་མོག་ཁག་གིས་བླ་དཔོན་གཉིས་ཀ་མཛད་རྒྱུའི་རེ་བ་ཞུས་པ་ཞལ་གྱིས་བཞེས། ཀོའུ་བ་དགོན་པ་ཕྱག་བཏབ། དེ་ནས་རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་བདུན་ལ་ཕེབས་སྐབས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་དང་ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བྱ་ཁྱུང་མཁན་རབས་དང་པོ་མཛད་དེ་སྐུ་འདས་རྗེས་ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་གདན་ས་བསྐྱངས་པས་བྱ་ཁྱུང་དགོན་པའི་གདན་རབས་གཉིས་པ་ཡིན། མཐར་ལོ་བའི་བྲག་དཀར་ན་སྐུ་འཇའ་ལུས་ལ་གྲུབ་པར་གྲགས་སོ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།