Jump to content

ཀོང་པོ་ཡེ་ཤེས་བརྩོན་འགྲུས་

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „ཀོང་པོ་ཡེ་ཤེས་བརྩོན་འགྲུས།“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

ཀོང་པོ་ཡེ་ཤེས་བརྩོན་འགྲུས་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་1761ལོར་ཀོང་པོའི་ཡུལ་དུ་ཡབ་ཚེ་དབང་རྒྱ་མཚོ་དང་། ཡུམ་ཚེ་དབང་བཟང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ 1816 ལོར་སྐུ་གཤེགས། ཁོང་དགུང་ལོ་བརྒྱད་པར་ཡབ་ཡུམ་གཉིས་ཀྱིས་ཡི་གེའི་འབྲི་ཀློག་བསླབས་ཤིང་མཁས་པར་མཁྱེན། ལོ་དེར་ཀོང་པོ་ཆབ་ནག་རི་བོ་དགའ་ལྡན་དུ་ཕྱག་བྲིས་སློབ་གཉེར་དུ་ལོ་གཅིག་ཙམ་བཞུགས། དགུང་ལོ་དགུ་པར་ཡབ་ཀྱི་བཀའ་བཞིན་ལྷ་ལྡན་སྤྲོ་བདེ་ཁང་གསར་དུ་ཕྱག་བྲིས་དང་། རྩིས་རིག་ཆོས་སྤྱོད་སོགས་བསླབས་ནས་དགུང་ལོ་བཅོ་ལྔ་བར་དུ་བཞུགས། དགུང་ལོ་བཅུ་བདུན་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བཅོ་བརྒྱད་པར་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་མཛད། དགུང་ལོ་ཉེར་གསུམ་པར་གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ལས་བསྙེན་རྫོགས་བསྒྲུབས། དེ་ནས་ཀ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་ཞབས་ལ་གཏུགས་ཏེ་དབེན་གནས་ཁག་ལ་སྒྲུབ་པ་རྩེ་གཅིག་ཏུ་གཞོལ། དགུང་ལོ་ལྔ་བཅུ་ང་གཅིག་པར་ཀོང་པོ་དགའ་ལྡན་བསམ་གཏན་གླིང་གསར་དུ་ཕྱག་བཏབ་ཅིང་རྒྱུན་དུ་བྱང་ཆུབ་ལམ་རིམ་བཤད་ཁྲིད་གནང་། དགུང་ལོ་ལྔ་བཅུ་ང་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་ཕག་མགོ་བླ་མ་ཞེས་ཞུའོ། །ཁོང་གི་གསུང་རྩོམ་ནི《བདེ་ལམ་དམར་ཁྲིད་ཐེག་མཆོག་གདམས་པའི་ཉིང་ཁུ་》དང་། 《རྟེན་འབྲེལ་བསྟོད་པའི་ཊཱིཀྐ་》། 《ཡོངས་འཛིན་ཆོས་ཀྱི་རྒྱལ་པོའི་གསུང་ཟིན་བདེ་ལམ་དམར་ཁྲིད་དྲང་སྲོང་ཞལ་ལུང་》། 《ལམ་རིམ་ཆེ་ཆུང་གི་བསྡུས་དོན་ཚིགས་བཅད་མ་》བཅས་ཆོས་ཚན་བཅུ་དྲུག་ལོངས་པའི་པོད་གཅིག་བཞུགས་སོ། །