Jump to content

ཀོང་པོ་ཡེ་ཤེས་ཐར་འདོད་

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „དགའ་ལྡན་ཁྲི་ཐོག་དོན་གཅིག་པ་ཀོང་པོ་ཡེ་ཤེས་ཐར་འདོད་“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

ཀོང་པོ་ཡེ་ཤེས་ཐར་འདོད་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ1756ལོར་ཀོང་པོ་བྲག་གསུམ་འབྲུ་ལ་སེ་བ་སྒང་དུ་ཡབ་སྒྲོན་མ་དར་རྒྱས་དང་། ཡུམ་བསོད་ནམས་དཔལ་འཛོམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ 1829 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་པར་དགེ་བཤེས་བྱམས་པ་རིན་ཆེན་ལ་གཙུག་ཕུད་ཕུལ་ཞིང་མཚན་ལ་ཡེ་ཤེས་ཐར་འདོད་ཅེས་གསོལ། དེ་ནས་འབྲུ་ལ་རི་ཁྲོད་དུ་ཕེབས་ཏེ་དགེ་སློང་བསྐལ་བཟང་བཀྲ་ཤིས་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་གསུམ་པར་འདུལ་འཛིན་དཔལ་འབྱོར་བཟང་པོ་དང་དགེ་སློང་འཕགས་པ་བསམ་གཏན་ལས་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་བཅས་དཀྱུས་གཅིག་ཏུ་བསྒྲུབས། དགུང་ལོ་བཅུ་བཞི་པར་དབུས་སུ་ཕེབས་ཏེ་སེར་སྨད་ཐོས་བསམ་གླིང་དུ་ཞུགས་ནས་སྤྱི་ཆོས་དང་སྒེར་ཆོས་ཀྱི་སློབ་དཔོན་སྦྱིན་པ་ཆོས་བཟང་དང་། ཀོང་པོ་ཡེ་ཤེས་རབ་འཕེལ། གྱེ་རེ་ཞབས་དྲུང་སྐལ་བཟང་ཚོགས་གཉིས། སྤོ་འབོར་སྐལ་བཟང་རྣམ་རྒྱལ། ཁྲི་ཆེན་ནོ་མིན་ཧན་ངག་དབང་ཚུལ་ཁྲིམས་སོགས་ལ་བསྟེན་ནས་བསྡུས་གཞུང་དང་། དབུ་མ། ཕར་ཕྱིན། མངོན་པ་མཛོད། འདུལ་བ། ཚད་མ་རྣམ་འགྲེལ་བཅས་ལ་ཐོས་བསམ་མཐར་ཕྱིན་པ་མཛད་ཅིང་རྩོད་པའི་ཁྱུ་མཆོག་ཏུ་གྱུར་ཞིང་ལྷ་རམས་པ་ཨང་དང་པོའི་མཚན་བཏགས་བཞེས། དགུང་ལོ་ཉེར་དྲུག་པར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་ཁྲི་ཆེན་ནོ་མིན་ཧན་གཉིས་ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་མང་དུ་གསན། དགུང་ལོ་སོ་ལྔ་པར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་ཆུབ་པར་མཛད། དགུང་ལོ་ཞེ་གཉིས་པར་རྒྱུད་པའི་བླ་མ་དབུ་མཛད་དང་། དགུང་ལོ་ཞེ་གསུམ་པར་རྒྱུད་པའི་མཁན་ཁྲིར་ཕེབས་ནས་འཆད་ཉན་ལེགས་པར་བསྐྱངས། བར་སྐབས་ཤིག་ཏུ་རྒྱུད་པའི་མཁན་ཁྲིའི་འགན་རྣམས་རེ་ཞིག་བཞག་དགོས་པ་བྱུང་བས་དབུས་སྟོད་ཕག་མོ་ཆོས་སྡེ་དང་འབྲུ་ལ་རི་ཁྲོད་སོགས་སུ་བཞུགས་ནས་སྒྲུབ་པ་ཉམས་ལེན་མཛད། དགུང་ལོ་དྲུག་བཅུ་རེ་གཅིག་པར་ཤར་རྩེའི་ཁྲི་ལ་ཕེབས་ནས་འཆད་ཉན་དང་གཏོང་སྒོ་གང་གི་ཐད་ནས་ཀྱང་མི་དམན་པར་མཛད། དགུང་ལོ་བདུན་ཅུ་དོན་གསུམ་པ་རབ་བྱུང་བཅུ་བཞི་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ1829ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་གཉིས་ཀྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་སྐུ་གསུང་ཐུགས་རྟེན་བཞེངས་པར་མཛད། དགུང་ལོ་དོན་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་པའི་དངུལ་གདུང་ནི་དགའ་ལྡན་བླ་མ་ལྷ་ཁང་དུ་བཞུགས་སོ། ཁོང་གི་མཚན་གཞན་ལ་ཤར་རྩེ་ཡེ་ཤེས་ཐར་འདོད་ཅེས་ཞུའོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་བདུན་ཅུ་དོན་གཅིག་པ་ཡིན་ནོ། །