ཀོང་པོ་ཐར་པ་རིན་ཆེན་
མཐོང་རིས་
ཀོང་པོ་ཐར་པ་རིན་ཆེན་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་ཀོང་པོར་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་བླ་ཆེན་དགོངས་པ་རབ་གསལ་ལས་རབ་བྱུང་བསྒྲུབས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་མང་དུ་གསན། དེ་ནས་ཁོང་གིས་འདུལ་བའི་སློབ་རྒྱུན་བསྐྱངས་ཏེ་སློབ་མ་གྲགས་ཆེ་བ་གཟུ་སྟོན་འཕན་གྲགས་ཀྱིས་སྒྲེའི་ལྕེ་མཚམས་དང་རྒྱན་མཁར་སྟག་ལུང་བཟུང་ཞིང་། ཆོས་རྒྱུད་དེ་ལས་གྱེས་པ་ལ་གཟུ་ཚོ་ཞེས་གྲགས་སོ། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་འཛིན་གྱི་སློབ་མ་ཞིག་ཡིན་ནོ། །