ཀོང་པོ
བོད་དབུས་གཙང་རུ་བཞིའི་ཁོངས་གཡོ་རུའི་ཤར་ཕྱོགས་སུ་ཉང་པོ། ལོང་པོ། གཉིས་ཞེས་ཉང་ཆུའི་སྟོད་སྨད་བར་གསུམ་གྱི་ཡུལ་ལུང་ཁག་གསུམ་ཡོད་ཅིང་། ཉང་ཆུའི་སྟོད་རྒྱུད་ཉང་ཆུ་ཆེ་ཆུང་གཉིས་འབབ་པའི་རྒྱུད་ནས་ཆུ་གཉིས་འདྲེས་མཚམས་ཁམས་ཁོངས་སུ་ཡིན་པའི་ཀོང་པོ་རྒྱ་མདའ་ལ་མ་སླེབས་བར་ལ་ཉང་པོ་ཟེར་ཞིང་། དེ་ནས་ཞོ་ཁའི་རྒྱུད་ནས་འབབ་པའི་ཆུ་ལ་ཐུག་གི་བར་ལོང་པོ། ཉང་ཆུ་དང་ཞོ་ཁའི་ཆུ་ཆེན་འདྲེས་མཚམས་ནས་ཀོང་སྨད་རྩེ་ལྷ་སྒང་བར་ལ་ཀོང་པོ་ཟེར།
ས་ཁྲ་འདི་ནི་བོད་ཀྱི་ས་ཁྲ་མ་རེད། རྒྱ་ནག་གཞུང་གིས་གཏན་འབབ་བྱས་པའི་བོད་དེ་རེད། ས་ཁྲ་འདི་གཏན་ནས་སྤྱོད་མི་རུང་། === ལོ་རྒྱུས་རགས་བསྡུས། ===
སྔོན་དུས་བོད་བཙན་པོའི་རྒྱལ་རབས་སྐབས་ཀོང་པོ་སྟོད་སྨད་ཀྱི་ས་ཁུལ་རྣམས་ཀོང་དཀར་པོ་མང་པོ་རྗེ་ལ་རང་བདག་གི་དབང་ཆ་གནང་བ་དང་། ཀོང་དཀར་པོ་མང་པོ་རྗེ་ནི་རྒྱལ་པོ་གྲི་གུམ་བཙན་པོའི་སྲས་གཉིས་ཀྱི་གཅུང་པོ་ཉ་ཁྲིའི་མི་རྒྱུད་ཡིན་པར་བརྟེན་ཀོང་པོའི་རྗེ་དཔོན་ནི་དཀར་པོ་མང་པོ་རྗེའི་མི་རྒྱུད་ནས་བསྐོས་རྒྱུ་དང་། མི་རྒྱུད་ངོ་མ་ཆད་ན་ཁོང་གི་གཉེན་ཚན་རྒྱུད་པ་ཡིན་པ་ཞིག་ལ་བསྐོ་རྒྱུ་སོགས་ཀྱི་བཀའ་གཙིགས་མདོར་བསྡུས་ཤིག་ཀོང་པོ་དེ་མོ་ཁུལ་གྱི་བྲག་བརྐོས་ཡི་གེ《བོད་ཀྱི་ལོ་རྒྱུས་ཐོག་གི་བཀའ་གཙིགས་དང་རྡོ་རིང་ཡི་གེ་གཅེས་བསྡུས》ལྕགས་དཔར་མའི་ནང་གསལ།
ཆོས་ལུགས་དད་མོས།
[རྩོམ་སྒྲིག]ཀོང་པོའི་ཡུལ་འདིར་སྔོན་དུས་བོན་ཆོས་དར་ཁྱབ་ཆེ་བར་བྱུང་བའི་རྟགས་སུ་བོན་སྟོན་པ། གཤེན་རབས་ཀྱི་གནས་ཆེན་དུ་གྲགས་པའི་བོན་རི་དང་སྟག༌རྩེ་རི་ཁྲོད་ཟེར་བ་སོགས་ཡོད་པ་མ་ཟད། བོན་རྙིང་པའི་ལུགས་སྲོལ་ལྟར་གྱི་དམར་མཆོད་དང་། གྲི་འདུལ། ། གཤིན་འདུར་སོགས་ཀྱི་ལུགས་སྲོལ་ཀྱང་ཡོད། ཀརྨ་བཀའ༌བརྒྱུད་ཀྱི་བསྟན་པ་དར་འགོ་ཚུགས་པ་ནས་ཀོང་ཀར་སྲིད་པ་ཞེས་ཀརྨ་བཀའ་བརྒྱུད་ཀྱི་ཆོས་ལུགས་ལ་དད་ཞེན་ཆེན་པོ་ཡོད་པའི་དགོན་པ་དང་། སྡེ་དཔོན་སྟོབས་ཆེན་མང་པོ༌བྱུང་མྱོང་བ་དང་། དགེ་ལུགས་པའི་བསྟན་པ་དར་འགོ་ཚུགས་རྗེས་ནས་དགེ་དགོན་ཆེ་ཆུང་ཁག་ཉི་ཤུ་ཙམ༌བྱུང་མྱོང་བ་དང་། འབྲུག་པ་བཀའ་བརྒྱུད་དང་། གསང་སྔགས་སྔ་འགྱུར་གྱི་དགོན་སྡེ་དང་། གནས་ངོ་མཚར་ཅན་ཡང་འགའ་ཞིག་མཇལ་རྒྱུ་ཡོད་པ་རྣམས་ཀྱང་ཡུལ་སྐོར་སྤྲོ་འཆམ་གྱི་རྟེན་གཞིར་བྱས་ཆོག་པ་ཡིན།
ཟུར་བཀོད།
[རྩོམ་སྒྲིག]ཁོ་བོས་གོ་ཐོས་སུ《ཀོང་པོ་ཆོས་འབྱུང》ཞེས་པ་ཞིག་ཡོད་སྐད་ཐོས་པ་ད་ཕན་ཐབས་ཇི་འདྲ་བྱས་ཀྱང་ལག་སོན་མ་བྱུང་བས་མྱུར་སྐྱོབ་བྱ་དགོས་ངེས་ཤིག་རེད་སྙམ་པ་འདིར་དཔྱད་གཞིར་བཀོད།
མཆན། ཀོང་པོའི་ཆོས་འབྱུང་ཟེར་བ་དེ་རྗེ་ཏཱ་ར་ནཱ་ཐས་མཛད་པའི་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ལོ་རྒྱུས་དེའོ།
དཔྱད་གཞིའི་ཡིག་ཆ།
[རྩོམ་སྒྲིག]༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།