Jump to content

ཀེའུ་ཚང་བྱམས་པ་སྨོན་ལམ་

ཡོང་ཁུངས་Wikipedia

སེར་བྱེས་ཀྱི་མཁན་ཐོག་བཅུ་བདུན་པ་ཡིན། རྣམ་ཐར་ལོ་རྒྱུས་ཞིབ་གསལ་ད་ཕན་མ་མཇལ་ཡང་སེར་སྨད་འཇོག་རི་ངག་དབང་བསྟན་འཛིན་གྱིས་མཛད་པའི་《རང་རྣམ་དྭངས་ཤེལ་མེ་ལོང》ཤིང་དཔར་ཤོག་གྲངས༢༨ནས༣༠བར། བྱེས་མཁན་ཆེན་བྱམས་པ་སྨོན་ལམ་དང་། སེར་སྨད་མཁན་ཆེན་གྲགས་པ་མཁས་གྲུབ། སེར་སྔགས་མཁན་ཆེན་རྫི་ཐོ་ཆོས་ལྡན་པ་རྣམ་གསུམ་མཁན་ཐོག་གཅིག་ལ་དུས་མཚུངས་སུ་འཁེལ་བ་མ་ཟད། མཁས་བཙུན་བཟང་གསུམ་གྱི་སྐུ་ཡོན་མཉམ་འགྲན་ལྟ་བུར་བཞུགས་པ་དང་། རྒྱུན་དུ་མཁན་རིན་པོ་ཆེ་རྣམ་གསུམ་ཕན་ཚུན་ཐུགས་ནང་མཐུན་ཞིང་། སྤྱི་དོན་དང་གྲྭ་ཚང་སོ་སོའི་དོན་སྐོར་གང་ལའང་ཕྱོགས་རིས་སུ་ཕྱེ་བའི་གསུང་གླེང་དང་གནང་སྒོའི་རིགས་མངོན་ལྐོག་གང་དུ་ཡང་མཐོང་ཐོས་མེད་སྟབས། ཁོང་རྣམ་པ་གསུམ་གྱིས་མཁན་པོ་གནང་རིང་གདན་ས་ཆེན་པོའི་འདུལ་ཁྲིམས་སློབ་གཉེར་གང་ཅིའི་ཐད་བསྟན་པའི་མིག་རྒྱན་དུ་ཆེ་བའི་མཛད་རྗེས་འགྲན་ཟླ་བྲལ་བ་བྱུང་ཚུལ་མདོར་བསྡུས་གསུངས་པའི་མཇུག་ཏུ། གདན་ས་ཆེན་པོའི་ལས་སྣེ་གནང་མཁན་ཚོར་སེམས་ལ་བཅང་རྒྱུའི་བསླབ་བྱ་མང་པོ་ཞིག་བཀོད་པར་མཛད་འདུག། སྐུ་ཚེའི་སྨད་དུ་མཁན་པོ་དགོངས་ཞུ་གནང་སྟེ་སེ་རའི་རྒྱབ་རིའི་ཤར་ངོས་སུ་ཡོད་པའི་ཀེའུ་ཚང་ནུབ་ཀྱི་རི་ཁྲོད་དུ་བཞུགས་སྟེ་སྒྲུབ་པ་ཉམས་བཞེས་རྩེ་གཅིག་ཏུ་མཛད། མཐར་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི(༡༧༩༠)ལོར་དགོངས་པ་མྱ་ངན་ལས་འདས། སྐུ་གཤེགས་ཁར་ཞལ་ཆེམས་ཕྱག་བྲིས་དང་གནང་རྟེན་ཁ་བཏགས་བཅས་རྡོ་རིང་བཀའ་བློན་བསྟན་འཛིན་དཔལ་འབྱོར་དང་ལྕམ་རྣམ་རྒྱལ་སྒྲོལ་མ་གཉིས་ལ་གནང་སྟེ། རང་དབང་འདུས་ཙམ་བྱུང་ན་རྡོ་རིང་གི་བུར་སྐྱེས་ཐུབ་པའི་རེ་བ་ཡོད་ཅིང་། དེ་འདྲ་བྱུང་ན་ངེས་པར་དུ་ཆོས་སྒོར་བཅུག་ཐུབ་པ་གནང་དགོས་ཞེས་གསུངས་པ་ལྟར་དགོངས་པ་རྫོགས་པའི་ཕྱི་ལོ་ལྕགས་ཕག(༡༧༩༡)ལོར་རྡོ་རིང་བཀའ་བློན་བསྟན་འཛིན་དཔལ་འབྱོར་གྱི་སྲས་སུ་འཁྲུངས། སེར་བྱེས་གྲྭ་ཚང་དུ་སློབ་གཉེར་མཛད་པ་དེའི་མཚན་ལ་ཡོངས་གྲགས་སུ་ཀེའུ་ཚང་བློ་བཟང་འཇམ་དབྱངས་སྨོན་ལམ་ཞུ་བ་དེ་ཡིན་ཅིང་། གསུང་རྩོམ་པོད་གཉིས་ཀེའུ་རི་ཁྲོད་དུ་དཔར་ཤིང་ཡོད་པ་དེ་ཡིན། ཉེ་དུས་སུ་ཐོན་པའི《གསུང་འབུམ་དཀར་ཆག》འགའ་ཞིག་ནང་ཏྲེ་ཧོར་དུ་འཁྲུངས་པའི་བྲག་འགོ་ཀེའུ་ཚང་སྤྲུལ་སྐུ་དང་། ཁམས་ཕྱོགས་མུ་ལིར་འཁྲུངས་པ་དགའ་ལྡན་ཁྲི་ཐོག་རེ་བདུན་པ་འཇམ་དབྱངས་སྨོན་ལམ་དང་ནོར་ནས་དཀར་ཆག་བཀོད་འདུག་ཀྱང་། དགའ་ལྡན་ཁྲི་ཆེན་འཇམ་དབྱང་སྨོན་ལམ་ནི་ཁམས་སྨུ་ལིར་འཁྲུངས་ཤིང་འབྲས་སྤུངས་བློ་གསལ་གླིང་དུ་སློབ་གཉེར་གནང་སྟེ་ཤར་རྩེ་བརྒྱུད་དགའ་ལྡན་ཁྲིར་ཕེབས་པ་ཞིག་ཡིན་ལགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།