ཀུན་ལྡན་གཙང་པ་རས་ཆུང་པ་
མཚན་དངོས་ཞི་བ་ཚུལ་ཁྲིམས་ཞུ་ཞིང་། ཡོངས་གྲགས་སུ་ཀུན་ལྡན་རས་པ་ཞེས་འབོད། འགྲོ་མགོན་ཕག་མོ་གྲུ་པའི་སློབ་མ་གྲགས་ཅན་ཞིག་སྟེ། རབ་བྱུང་གསུམ་པའི་ས་འབྲུག(༡༡༤༨)ལོར་གཙང་སྟོད་ཤབ་ཏུ་སྐུ་འཁྲུངས། དགུང་ལོ་ནར་སོན་ནས་རང་ཉིད་ཀྱི་ཁུ་བོ་རྒྱལ་ཚ་རིན་ཆེན་མགོན་མཇལ་བར་དབུས་སུ་ཕེབས་པས་ཁུ་བོ་མཆོག་འགྲོ་མགོན་ཕག་མོ་གྲུ་པའི་སྐུ་དྲུང་དུ་རྗེ་བཙུན་མི་ལའི་རྣམ་ཐར་གསན་ནས་བཞུགས་པ་དང་མཇལ་ཏེ་མཉམ་དུ་གསན་ནས་ང་ཡང་དེ་ལྟ་བུ་ཞིག་བྱེད་འདོད་ཅེས་ཞུས། ཁུ་བོས་འགྲོ་མགོན་ལ་སྔ་ཕྱིའི་ལོ་རྒྱུས་ཞུས་པས་ཤིན་ཏུ་མཉེས་ནས་གདམས་ངག་རྣམས་ཆ་ཚང་བར་གནང་། ཁམས་སུ་ཕེབས་ན་གདུལ་བྱ་ཆེ་ཞེས་ལུང་བསྟན་གནང་ཡང་། ཁྲོ་ཕུར་ཕེབས་ནས་སྒོམ་སྒྲུབ་ལ་བརྩོན་པར་མཛད། གདན་ས་ཕག་མོ་གྲུའི་གཙུག་ལག་ཁང་གི་ནུབ་རྒྱུད་རྣམས་བཞེངས་པའི་འགན་བཞེས་མཛད། དགུང་ལོ་བདུན་ཅུ་པ་རབ་བྱུང་བཞི་པའི་མེ་གླང(༡༢༡༧)ལོར་གཙང་སྟོད་འཇད་ཀྱི་ཤར་ཕྱོགས་བྱ་ཕུག་ཏུ་སྐུ་གཤེགས། ལོ་རྒྱུས་རགས་བསྡུས་ཙམ་ཞིག《ལྷོ་རོང་ཆོས་འབྱུང》ཤོག་གྲངས༢༥༩ནས༢༦༠བར་གསལ་ཞིང《དེབ་ཐེར་སྔོན་པོ》དང《མཁས་པའི་དགའ་སྟོན》གཉིས་སུ་ལོ་རྒྱུས་མདོར་བསྡུས་ཙམ་ལས་མི་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།