ཀུན་རྫོབ་གསུམ་
མཐོང་རིས་
ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིའི་ནང་ཚན་སེམས་ཙམ་པ་རྣམས་ཀྱིས་ཀུན་རྫོབ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་གསུམ་སྟེ། ༡་བཏགས་པའི་ཀུན་རྫོབ་དང་། ༢་ཤེས་པའི་ཀུན་རྫོབ། ༣་བརྗོད་པའི་ཀུན་རྫོབ་བཅས་གསུམ་ཡོད། བཏགས་པའི་ཀུན་རྫོབ་ཅེས་པ་ནི་ཐ་སྙད་དང་མིང་འདོགས་པའི་གཞིར་གྱུར་པ་ལ་ཟེར་ཞིང་། ཤེས་པའི་ཀུན་རྫོབ་ཅེས་པ་ནི་འཇིག་རྟེན་ཐ་སྙད་པའི་ཤེས་པའི་ཡུལ་ཡིན་པ་ལ་ཟེར་བ་དང་། བརྗོད་པའི་ཀུན་རྫོབཅེས་པ་ནི་དོན་གཅིག་ལ་ཐ་སྙད་སྣ་ཚོགས་པའི་སྒོ་ནས་བརྗོད་དུ་རུང་བ་ལ་ཟེར་བ་བཅས་ཡིན།ཀུན་རྫོབ་དེ་གསུམ་གང་རུང་ཡིན་ན་ཀུན་རྫོབ་ཡིན་པས་ཁྱབ་པ་མེད་ཀྱང་སྒྲ་བཤད་འཇུག་རུང་གི་དབང་དུ་བྱས་ནས་ཀུན་རྫོབ་ཅེས་བཏགས་པ་ཡིན། ཞིབ་པར་ཕར་ཕྱིན་གྱི་དྲང་ངེས་སེམས་ཙམ་པའི་སྐབས་སུ་གསལ་ལོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།