ཀུན་རྫོབ་གཉིས་
ཡང་དག་པའི་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་སྟེ་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བའི་ནང་གསེས་དབུ་མ་རང་རྒྱུད་པ་རྣམས་ཀྱིས་ཀུན་རྫོབ་ལ་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་ཡོད་པར་ཁས་ལེན་ཞིང་། ཡང་དག་ཀུན་རྫོབ་ནི་ཐ་སྙད་དཔྱོད་པའི་ཚད་མའི་སྙེད་དོན་ཡིན་པ་གང་ཞིག་། ཉིད་སྣང་བའི་བློ་ལ་ཇི་ལྟར་སྣང་བ་ལྟར་དོན་བྱེད་ནུས་པའི་ཆོས་ཤིག་ལ་ཟེར་ཞིང་། དཔེར་ན། མངོན་སུམ་གྱི་ཤེས་པ་ལ་སྣང་བའི་གཟུགས་སྒྲ་དྲི་རོ་ལ་སོགས་པ་ལྟ་བུ་དང་། ལོག་པའི་ཀུན་རྫོབ་ནི་ཐ་སྙད་དཔྱོད་པའི་ཚད་མའི་སྙེད་དོན་གང་ཞིག་རང་ཉིད་སྣང་བའི་བློ་ལ་ཇི་ལྟར་སྣང་བ་ལྟར་དོན་བྱེད་མི་ནུས་པའི་ཆོས་ཤིག་ལ་ཟེར་ཞིང་། དཔེར་ན་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་ལྟ་བུ་ཡིན། དེ་ཡང་ཡུལ་གྱི་སྒོ་ནས་ཕྱེ་བ་མ་གཏོགས་ཡུལ་ཅན་ལ་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་ཀྱི་དབྱེ་བ་འབྱེད་སྲོལ་མེད། ཞིབ་པར་ཕར་ཕྱིན་གྱི་བདེན་གཉིས་ཐད་དུ་གཟིགས་པར་ཞུ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།