Jump to content

ཀུན་རྫོབ་ཀྱི་སྣང་བ་

ཡོང་ཁུངས་Wikipedia

ཀུན་རྫོབ་སྟེ་ཐམས་ཅད་བསླུ་བར་བྱེད་པའི་དོན་གྱིས་སོ། ། གྲངས་ཅན་པའི་ལུགས་ཀྱི་ཀུན་རྫོབ་ཀྱི་སྣང་བ་ནི། ཇི་སྲིད་རང་བཞིན་དང་། སྐྱེས་བུ་གཉིས་གཅིག་ཏུ་ཞེན་ནས། རྣམ་འགྱུར་རྣམས་རྩ་བའི་རང་བཞིན་གྱིས་སྤྲུལ་པའི་ཚུལ་མ་ཤེས་པར་ཡུལ་ལ་ལོངས་སྤྱོད་པ་དེ་སྲིད་དུ་སྐྱེས་བུ་དེའི་རྒྱུད་ལ་ཀུན་རྫོབ་ཀྱི་སྣང་བ་དང་བཅས་པ་ཡིན། ནམ་ཞིག་སྐྱེས་བུ་དེས་ཡུལ་གྱི་ཉེས་དམིགས་མཐོང་ནས་ཆགས་པ་དང་བྲལ་བར་གྱུར་པ་དང་སྤྱི་གཙོ་བོ་དེ་འཁོར་བའི་རྩ་བར་མཐོང་བས་ན་གཙོ་བོ་ལས་རྣམ་འགྱུར་གསར་དུ་མི་སྤྲོས་ཤིང་། རྣམ་འགྱུར་རྙིང་པ་རྣམས་ཉེ་བར་བསྡུས། སྐབས་དེར་གཙོ་བོ་དེ་བདག་ཏུ་མི་འགྲོ་ཞིང་བྲལ་བར་འགྱུར་ཏེ་འཇའ་ལྟར་ཡལ་བ་དེའི་ཚེ་སྐྱེས་བུ་དེའི་རྒྱུད་ལ་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་དང་བྲལ་བ་ཡིན་ཟེར། དེ་ཡང་དཔེར་ན། མཚན་མོ་མུན་ནག་གིས་ཁྱབ་པའི་ཁང་པའི་ནང་དུ་སྐྱེས་བུ་འདོད་ཆགས་ཅན་དང་བུད་མེད་མཛེ་ཅན་ཞིག་དགའ་བ་དང་བཅས་པ་ལས་སྐྱེས་བུ་དེར་མཛེ་ནད་བགོས་ཏེ་སྡུག་བསྔལ་མི་བཟོད་པ་མྱོང་བ་བཞིན་དང་། གང་གི་ཚེ་ནམ་ལངས་པ་ན་བུད་མེད་མཛེ་ཅན་ཡིན་པ་ཤེས་པ་དེའི་ཚེ་སྐྱེས་བུ་འདི་ནམ་ཡང་དེ་དང་ལྷན་ཅིག་འདྲིས་པར་མི་བྱེད་ཅིང་། བུད་མེད་དེར་ཆེས་བལྟས་བྱས་པས་ངོ་ཚ་བས་སྐྱེངས་ཏེ་འདོད་ཆགས་ཀྱི་རྣམ་འགྱུར་རྣམས་ཉེ་བར་བསྡུས་ནས་བྲོས་པ་བཞིན་ནོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།