ཀུན་མཁྱེན་སྟོན་པ་བཞི་ལྡན

ཡོང་ཁུངས་Wikipedia

ཨོཾ་བདེ་ལེགས་སུ་གྱུར་ཅིག།མདོ་རྒྱུད་ཟབ་མོ་ཀུན་གྱི་སྤྱི་འགྲེལ་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པ་དང་དཔལ་ཡོངས་གྲུབ་ཐམས་ཅད་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཀུན་རྫོབ་ཆོས་རྣམས་ཀུན་གྱིས་སྟོང་པའི་གཞི། །དོན་དམ་ཆོས་ཉིད་ཟབ་མོ་མ་རྙེད་ཅིང༌། །ཀུན་བཏགས་ཆོས་རྣམས་ཀུན་གྱིས་སྟོང་པའི་གཞི། །དོན་དམ་ཡོངས་གྲུབ་ཟབ་མོ་མ་རྙེད་ན། །དོན་དམ་དབུ་མ་ཆེན་པོ་མི་རྙེད་དོ། །དོན་དམ་དབུ་མ་ཆེན་པོ་མ་རྙེད་ན། །དོན་དམ་ཤེར་ཕྱིན་ཟབ་མོ་མི་རྙེད་དོ། །དོན་དམ་ཤེར་ཕྱིན་ཟབ་མོ་མ་རྙེད་ན། །དོན་དམ་ཕྱག་རྒྱ་ཆེན་པོ་མི་རྙེད་དོ། །དོན་དམ་ཕྱག་རྒྱ་ཆེན་པོ་མ་རྙེད་ན། །དོན་དམ་མྱང་འདས་ཆེན་པོ་མི་རྙེད་དོ། །དོན་དམ་མྱང་འདས་ཆེན་པོ་མ་རྙེད་ན། །དོན་དམ་རང་བཞིན་འོད་གསལ་མི་རྙེད་དོ། །དོན་དམ་རང་བཞིན་འོད་གསལ་མ་རྙེད་ན། །དོན་དམ་རང་བཞིན་ལྷན་སྐྱེས་མི་རྙེད་དོ། །དོན་དམ་རང་བཞིན་ལྷན་སྐྱེས་མ་རྙེད་ན། །དོན་དམ་རང་བྱུང་ཡེ་ཤེས་མི་རྙེད་དོ། །དོན་དམ་རང་བྱུང་ཡེ་ཤེས་མ་རྙེད་ན། །དོན་དམ་གཉིས་མེད་ཡེ་ཤེས་མི་རྙེད་དོ། །དོན་དམ་གཉིས་མེད་ཡེ་ཤེས་མ་རྙེད་ན། །དོན་དམ་གཙང་བདག་བདེ་ཆེན་མི་རྙེད་དོ། །དོན་དམ་གཙང་བདག་བདེ་ཆེན་མ་རྙེད་ན། །དོན་དམ་ཐེར་ཟུག་གཡུང་དྲུང་མི་རྙེད་དོ། །དོན་དམ་ཐེར་ཟུག་གཡུང་དྲུང་མ་རྙེད་ན། །དོན་དམ་དཀོན་མཆོག་རྟག་པ་མི་རྙེད་དོ། །དོན་དམ་དཀོན་མཆོག་རྟག་པ་མ་རྙེད་ན། །དོན་དམ་སངས་རྒྱས་རྟག་པ་མི་རྙེད་དོ། །དོན་དམ་སངས་རྒྱས་རྟག་པ་མ་རྙེད་ན། །དོན་དམ་དམ་ཆོས་རྟག་པ་མི་རྙེད་དོ། །དོན་དམ་དམ་ཆོས་རྟག་པ་མ་རྙེད་ན། །དོན་དམ་དགེ་འདུན་རྟག་པ་མི་རྙེད་དོ། །དོན་དམ་དགེ་འདུན་རྟག་པ་མ་རྙེད་ན། །དོན་དམ་དཀྱིལ་འཁོར་ཟབ་མོ་མི་རྙེད་དོ། །དོན་དམ་དཀྱིལ་འཁོར་ཟབ་མོ་མ་རྙེད་ན། །དོན་དམ་ལྷ་ཚོགས་ཐམས་ཅད་མི་རྙེད་དོ། །དོན་དམ་ལྷ་ཚོགས་ཐམས་ཅད་མ་རྙེད་ན། །དོན་དམ་གསང་སྔགས་ཟབ་མོ་མི་རྙེད་དོ། །དོན་དམ་གསང་སྔགས་ཟབ་མོ་མ་རྙེད་ན། །དོན་དམ་གཞི་འབྲས་རྒྱུད་རྣམས་མི་རྙེད་དོ། །དོན་དམ་གཞི་འབྲས་རྒྱུད་རྣམས་མ་རྙེད་ན། །དོན་དམ་དུས་ཀྱི་འཁོར་ལོ་མི་རྙེད་དོ། །དོན་དམ་དུས་ཀྱི་འཁོར་ལོ་མ་རྙེད་ན། །དོན་དམ་གསང་འདུས་ཟབ་མོ་མི་རྙེད་དོ། །དོན་དམ་གསང་འདུས་ཟབ་མོ་མ་རྙེད་ན། །དོན་དམ་དགྱེས་རྡོར་ཟབ་མོ་མི་རྙེད་དོ། །དོན་དམ་དགྱེས་རྡོར་ཟབ་མོ་མ་རྙེད་ན། །དོན་དམ་བདེ་མཆོག་འཁོར་ལོ་མི་རྙེད་དོ། ། དོན་དམ་བདེ་མཆོག་ཟབ་མོ་མ་རྙེད་ན། །དོན་དམ་རྡོ་རྗེའི་གདན་བཞི་མི་རྙེད་དོ།། དོན་དམ་རྡོ་རྗེའི་གདན་བཞི་མ་རྙེད་ན། །དོན་དམ་མཧཱ་མ་ཡ་མི་རྙེད་དོ། །དོན་དམ་མཧཱ་མ་ཡ་མ་རྙེད་ན། །དོན་དམ་སངས་རྒྱས་ཐོད་པ་མི་རྙེད་དོ། །དོན་དམ་སངས་རྒྱས་ཐོད་པ་མ་རྙེད་ན། །དོན་དམ་རྡོ་རྗེ་མཁའ་འགྲོ་མི་རྙེད་དོ། །དོན་དམ་རྡོ་རྗེ་མཁའ་འགྲོ་མ་རྙེད་ན། །དོན་དམ་མཁའ་འགྲོ་རྒྱ་མཚོ་མི་རྙེད་དོ། །དོན་དམ་མཁའ་འགྲོ་རྒྱ་མཚོ་མ་རྙེད་ན། །དོན་དམ་བླ་མེད་རྒྱུད་ཀུན་མི་རྙེད་དོ། །རྣལ་འབྱོར་བླ་མེད་རྒྱུད་ཀུན་མ་རྙེད་ན། །དོན་དམ་དེ་ཉིད་འདུས་པ་མི་རྙེད་དོ། །དོན་དམ་དེ་ཉིད་འདུས་པ་མ་རྙེད་ན། །དོན་དམ་རྡོ་རྗེ་རྩེ་མོ་མི་རྙེད་དོ། །དོན་དམ་རྡོ་རྗེ་རྩེ་མོ་མ་རྙེད་ན། ། དོན་དམ་དཔལ་མཆོག་དང་པོ་མི་རྙེད་དོ། །དོན་དམ་དཔལ་མཆོག་དང་པོ་མ་རྙེད་ན།།དོན་དམ་རྣམ་སྣང་མངོན་བྱང་མི་རྙེད་དོ། །དོན་དམ་རྣམ་སྣང་མངོན་བྱང་མ་རྙེད་ན། །དོན་དམ་གསང་བ་སྤྱི་རྒྱུད་མི་རྙེད་དོ། །དོན་དམ་གསང་བ་སྤྱི་རྒྱུད་མ་རྙེད་ན། །དོན་དམ་རྒྱུད་སྡེ་གཞན་ཡང་མི་རྙེད་དོ། །དོན་དམ་རྒྱུད་སྡེ་ཟབ་མོ་མ་རྙེད་ན། །དོན་དམ་ངེས་དོན་ཟབ་མོ་མི་རྙེད་དོ། །དོན་དམ་ངེས་དོན་ཟབ་མོ་མ་རྙེད་ན། །དོན་དམ་ངེས་དོན་མདོ་ཡང་མི་རྙེད་དེ། །ཡུམ་དང་དཀོན་བརྩེགས་ཕལ་ཆེན་དང༌། །མྱང་འདས་ཆེན་པོ་ལ་སོགས་པ། །མདོ་མཆོག་ཀུན་གྱི་ངེས་པའི་དོན།། རྙེད་པ་མི་སྲིད་དེ་ཡི་ཕྱིར། །སྟོང་གཞི་དོན་དམ་གཞན་སྟོང་མཆོག །དབྱིངས་རིག་དབྱེར་མེད་དེ་བཞིན་ཉིད། །རྟག་བརྟན་ཐེར་ཟུག་ཆོས་ཀྱི་སྐུ། །ངོ་བོ་ཉིད་སྐུ་རང་བཞིན་རིགས། །དུ་མ་རོ་གཅིག་བསམ་མི་ཁྱབ། །འཁོར་འདས་སྲིད་ཞི་དབྱེར་མེད་དང༌། །བདེན་གཉིས་བདེན་བཞི་དབྱེར་མེད་དང༌། །གཞི་འབྲས་རྒྱུ་འབྲས་དབྱེར་མེད་དང༌། །ཐབས་དང་ཤེས་རབ་དབྱེར་མེད་དང༌། །སྟོང་ཉིད་སྙིང་རྗེ་དབྱེར་མེད་དང༌། །རྟེན་དང་བརྟེན་པ་དབྱེར་མེད་དང༌། །གཙོ་བོ་གཙོ་མོ་དབྱེར་མེད་དང༌། །བདེ་ཆེན་སྟོང་ཆེན་དབྱེར་མེད་དང༌། །ཨཱ་ལི་ཀཱ་ལི་དབྱེར་མེད་དང། །ཐིག་ལེ་གྲུ་གསུམ་དབྱེར་མེད་དང༌། །རྡོ་རྗེ་པད་མ་དབྱེར་མེད་དང༌། །རྡོ་རྗེ་བྷ་ག་དབྱེར་མེད་དང༌། །རྡོ་རྗེ་སེམས་དཔའ་དབྱེར་མེད་དང༌། །ཕ་རྒྱུད་མ་རྒྱུད་དབྱེར་མེད་དང༌། །དུས་འཁོར་གསང་འདུས་དབྱེར་མེད་དང༌། །གསང་འདུས་བདེ་དགྱེས་དབྱེར་མེད་སོགས། ། ལྷ་དང་དཀྱིལ་འཁོར་དབྱེར་མེད་ཀུན། །རྣམ་དག་ལེའུར་གསུངས་པ་བཞིན། ། གཉིས་མེད་གཉིས་སུ་བྱར་མེད་ཅིང༌། །སོ་སོ་མ་ཡིན་ཐ་མི་དད། །པྲ་ཕབ་བརྒྱད་དང་མཚུངས་པའི་དབྱིངས། །ཆོས་རྣམས་ཀུན་གྱིས་སྟོང་པའི་གཞི། །ཀུན་བཏགས་ཀུན་དང་བྲལ་བའི་གཞི། །ཀུན་རྫོབ་ཀུན་གྱིས་དབེན་པའི་“གཞི། །རྣམ་ཤེས་ཐམས་ཅད་མེད་པའི་གཞི། །སྤྲོས་པ་ཀུན་དང་བྲལ་བའི་གཞི། །མཐའ་རྣམས་ཀུན་དང་བྲལ་བའི་གཞི། །མཚན་མ་ཐམས་ཅད་མེད་པའི་གཞི། །སྨོན་པ་ཐམས་ཅད་མེད་པའི་གཞི། །རྟོག་པ་ཐམས་ཅད་མེད་པའི་གཞི། །སྐྱེ་འགག་གནས་དང་བྲལ་བའི་གཞི། །ཀུན་གཞི་ཡེ་ཤེས་དེ་བཞིན་ཉིད། །གཉིས་མེད་ཡེ་ཤེས་དེ་བཞིན་གཤེགས། ། འགྲོ་བ་ཀུན་གྱིས་ལེགས་རྟོགས་ནས། །མདོ་རྒྱུད་ཟབ་མོ་ཐམས་ཅད་ཀྱི། །ངེས་དོན་ཟབ་མོ་རྟོགས་གྱུར་ཅིག།

 མདོ་རྒྱུད་ཟབ་མོ་ཀུན་གྱི་སྤྱི་འགྲེལ་འདི་ཡང་རྫོགས་ལྡན་གྱི་ལུགས་སུ་བཀོད་པ་སྟེ། གསུམ་ལྡན་མར་བཅད་ཀྱི་ལུགས་ལས་ཆེས་ཁྱད་པར་དུ་འཕགས་པའོ།། །། མཾ་ག་ལཾ་བྷ་ཝ་ཏུ།།