ཀུན་མཁྱེན་རོང་པོ་
ས་སྐྱའི་བསྟན་འཛིན་ཀུན་མཁྱེན་གཡག་རོང་གཉིས་ཞེས་གྲགས་པའི་ནང་ཚན་རོང་སྟོན་ཤཱཀྱ་རྒྱལ་མཚན་ཞུ་བ་དེ་ཡིན། རྒྱལ་རོང་གི་ཡུལ་དུ་བོན་པོའི་རིགས་རྒྱུད་ཅིག་ཏུ་རབ་བྱུང་དྲུག་པའི་མེ་ལུག་(༡༣༦༧)ལོར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ཡན་ཆད་དུ་བོན་གྱི་གཞུང་ལ་ཐོས་བསམ་རྒྱ་ཆེར་མཛད། དགུང་ལོ་བཅོ་བརྒྱད་པ་ལ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭར་སྒྲིགས་ཞུགས་མཛད་དེ་གླིང་སྟོད་པ་རིན་ཆེན་རྣམ་རྒྱལ་དང་། ཀོང་སྟོན་བློ་གྲོས་དབང་ཕྱུག་གི་དྲུང་ནས་བསྡུས་གྲྭ་དང་། ཚད་མ། ཕར་ཕྱིན་བཅས་གསན། འཕན་ཡུལ་གྲོ་སའི་མཁས་པ་ཆེན་པོ་དམར་སྟོན་པའི་དྲུང་དུ་འདུལ་བ་སྨད་ལུགས་དང་། འདུལ་འཛིན་ཐག་མ་པའི་བཤད་སྲོལ་གྱི་འདུལ་བ་དང་། མངོན་པ་མཆིམ་ལུགས་ཀྱི་བཤད་སྲོལ། ཐང་སག་པ་གཞོན་ནུ་རྒྱལ་མཚན་གྱི་དྲུང་ནས་པ་ཚབ་ལོ་ཙཱ་བའི་དབུ་མ་ཐལ་འགྱུར་བའི་བཤད་སྲོལ་ལོ་པ་ཤཱཀྱ་རིན་ཆེན་གྱི་དྲུང་ནས་མངོན་པ་ཀུན་བཏུས་ཀྱི་བཤད་པ་བཅས་གསན། དགུང་ལོ་ཉེར་གཉིས་པ་ལ་གྲོ་སའི་མཁན་པོ་དམར་སྟོན་པ་ཀུན་དགའ་རྒྱལ་མཚན་དང་དཔལ་ལྡན་རིན་ཆེན་རྣམ་གཉིས་ཀྱི་དྲུང་ནས་རབ་བྱུང་དང་བསྙེན་རྫོགས་བཞེས། དགུང་ལོ་ཉེར་གཉིས་ནས་ཚད་མ་རྣམ་ངེས་ཀྱི་ཊཀྐ་བརྩམས་པར་མཛད་ཅིང་། དེ་ནས་དགུང་ལོ་གྱ་གསུམ་གྱི་བར་སྐུ་ཚེ་གཅིག་རིང་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་རྒྱ་ཆེར་བསྐྱངས་ཤིང་། གཞན་ལ་འཆད་སྤེལ་མཛད་པའི་གཞུང་ལུགས་དྲུག་ཅུ་རྩ་བཞི་དང་། འགྲེལ་བཤད་མཛད་པའི་གཞུང་བཞི་བཅུ་ལྷག་ཙམ་ཡོད་པར་གསུངས། གཞན་ཡང་ཡར་ལུང་པ་སེང་གེ་རྒྱལ་མཚན་དང་། ལོ་ཆེན་སྐྱབས་མཆོག་དཔལ་བཟང་། ལོ་ཆེན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་འོད་ཟེར། འཇམ་དབྱངས་ཁ་ཆེ། མུས་ཆེན་ནམ་མཁའི་རྣལ་འབྱོར་སོགས་བླ་མ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ལུང་ཁྲིད་དབང་བཀའ་མན་ངག་གི་རྒྱུན་མཐའ་ཡས་པ་གསན། ཞི་བྱེད་ཀྱི་ཆོས་སྐོར་དང་། ཕར་ཕྱིན། དབུ་མ་རང་རྒྱུད་པའི་ལྟ་བ་བཅས་འཆད་སྤེལ་དར་རྒྱས་སུ་གཏོང་བར་མཛད་པར་བརྟེན་གསུང་སྐྱེས་སློབ་མ་ཡང་སྔ་ཚར་གྱི་བུ་ཆེན་བཞི། བར་ཚར་གྱི་བུ་ཆེན་བཅུ། ཕྱི་ཚར་གྱི་བུ་ན་བཅུ་དྲུག། ཡང་ཚར་གྱི་བུ་ཆེན་གྲགས་པ་ཅན་བཞི། མཛད་སྤྱོད་རང་དང་མཚུངས་པ་གསུམ། གསུང་སྒྲོས་རྒྱུན་འཛིན་གྱི་མཁས་པ་བཅུ་གཉིས་བཅས་བྱུང་བ་རྣམས་བསྟན་འཛིན་གྱི་སྐྱེས་ཆེན་མཚན་དོན་མཚུངས་ཤིང་མཛད་འཕྲིན་ཆེ་བ་ཤ་སྟག་ཡིན། དགུང་ལོ་བདུན་ཅུར་ཕེབས་པ་རབ་བྱུང་བདུན་པའི་མེ་འབྲུག་(༡༤༣༦)ལོར་འཕན་པོ་ན་ལེནྡྲའི་ཆོས་སྡེ་བཏབ་ཅིང་། དེ་ནས་ལོ་བཅུ་བཞིར་གདན་ས་དེ་ཉིད་རང་དུ་བཞུགས་ནས་གཞན་ཕན་གྱི་མཛད་པ་བསྐྱངས། མཛད་པ་གཞན་དག་སྐོར་ལ་རང་རང་གི་གྲུབ་མཐའི་ཕྱོགས་འཛིན་གྱིས་གླེང་ཕྱོགས་མི་མཐུན་སྟབས་འདིར་མ་བཀོད་ཅིང་། གཟིགས་པར་འདོད་ན་དུས་ཐོག་མཉམ་པའི་སྐྱེས་ཆེན་དམ་པ་གཞན་གྱི་རྣམ་ཐར་ལ་གཟིགས་པར་ཞུ། གསུང་རྩོམ་སྐོར། 《བཤེས་སྤྲིངས་འགྲེལ་པ》《མདོ་སྡུད་པའི་འགྲེལ་པ》《བརྒྱད་སྟོང་དོན་བསྡུས་ཀྱི་འགྲེལ་པ》《ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ》《མདོ་སྡེ་རྒྱན》དང《རྒྱུད་བླ་མ་དབུས་མཐའ་རྣམ་འབྱེད》《ཆོས་ཉིད་རྣམ་འབྱེད་བཅས་ཀྱི་འགྲེལ་པ》《དབུ་མ་འཇུག་པའི་འགྲེལ་པ》《དབུ་མ་རྒྱན་གྱི་འགྲེལ་པ》《དབུ་མ་བདེན་གཉིས་ཀྱི་འགྲེལ་པ》《སྒོམ་རིམ་རྣམ་པ་གསུམ་གྱི་འགྲེལ་པ》《མངོན་པ་མཛོད་ཀྱི་འགྲེལ་པ》《འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་བཤད》《ཚད་མ་ཀུན་བཏུས་ཀྱི་འགྲེལ་པ》《ཚད་མ་རྣམ་ངེས་ཀྱི་འགྲེལ་པ》《ཚད་མའི་སྤྱི་དོན་ཆེ་ཆུང་གཉིས》《ཚད་མ་རིགས་གཏེར་གྱི་འགྲེལ་པ》《གསང་བ་འདུས་པའི་རྩ་རྒྱུད་འགྲེལ་པ་སྒྲོན་གསལ་གྱི་རྣམ་བཤད》སོགས་མང་པོ་ཞིག་འདུག་ཀྱང་འདིར་ཡིག་ཚོགས་ཀྱིས་འཇིགས་ནས་བྲི་མ་ནུས་སོ། ། རྣམ་ཐར་ནི། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པ《ཀུན་མཁྱེན་ཆེན་པོ་རོང་པོའི་རྣམ་ཐར》ཞེས་ཁ་བྱང་དུ་འཁོད་པ་དཔར་མ་དཔེ་འབྲིང་ཤོག་གྲངས༤༥ཅན་ཞིག་ཡོད། དེ་ལས་བསྡུས་པ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི《བསྟན་རྩིས་གསལ་བའི་ཉིན་བྱེད》ལྕགས་དཔར་མའི་ཤོག་གྲངས༢༠༡ནས༢༠༤བར་དང་། 《དེབ་སྔོན》ལྕགས་དཔར་མའི་སྨད་ཆ་ཤོག་གྲངས་༡༢༥༨ནས༡༢༦༠བར་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།