Jump to content

ཀུན་མཁྱེན་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

ཀུན་མཁྱེན་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་ ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1916 ལོར་སྨད་མདོ་ཁམས་སྒང་དྲུག་གི་ནང་ཚན་སྤོ་འབོར་སྒང་གི་སའི་ཆ་ལི་ཐང་གྲོང་ཚོ་བརྒྱད་ཀྱི་ནང་ཚན་མཚེ་མ་གྲོང་དུ་ཡབ་མེས་ཀྱི་རུས་ནི་དགའ་ལ་གཏོགས་པའི་ཡབ་མགོན་པོ་དོན་གྲུབ་དང་། ཡུམ་གུ་རུ་ལྷ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་མེ་ཕོ་ཕག་ལོ་སྟེ་སྤྱི་ལོ1947ལོར་སྐུ་གཤེགས། དགུང་ལོ་བཞི་བར་པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ཀུན་མཁྱེན་སྐུ་ཕྲེང་བཞི་བའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་མཚན་ལ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་ཞེས་གསོལ། དགུང་ལོ་ལྔ་བར་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་ཆོས་ཀྱི་ཁྲི་ལ་མངའ་གསོལ་མཛད། དགུང་ལོ་དྲུག་པར་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ལས་དགེ་བསྙེན་དང་རབ་བྱུང་གི་ཚུལ་ཁྲིམས་བཞེས་ཤིང་དབང་རྗེས་བཤད་ཁྲིད་ཀྱི་མན་ངག་མང་དུ་གསན། གཞུང་བརྒྱ་སྨྲ་བའི་དབང་པོ་གྲགས་པ་རྒྱ་མཚོ་སློབ་དཔོན་དུ་བསྟེན་ནས་ཡི་གེའི་འབྲི་ཀློག་སྦྱངས། བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གསུམ་པར་རྒྱུད་སྟོད་གྲྭ་ཚང་གསར་འཛུགས་ཀྱི་བཅའ་ཡིག་བཀའ་རྩོམ་མཛད། ཡོངས་འཛིན་གཙོས་པའི་རིགས་སྨྲ་མཚན་ཞབས་པ་བརྒྱད་དང་བཅས་མཚན་ཉིད་གསན་སྦྱོང་གི་དབུ་བཙུགས་ཤིང་། དེ་ནས་བཟུང་དགུང་ལོ་ཉེར་གཉིས་པའི་བར་ལོ་བཅུའི་རིང་བཀའ་པོད་ལྔ་ལ་གསན་སྦྱོང་ལེགས་པར་གནང་། དགུང་ལོ་བཅོ་བརྒྱད་པར (སྤྱི་ལོ1933ལོ)གོ་མིན་ཏང་སྲིད་གཞུང་གིས་ཀུན་མཁྱེན་ཁོང་ཉིད་ལ་རྒྱལ་ཁབ་ཕན་ལྡན་རྒྱལ་བསྟན་སྤེལ་མཛད་བཙུན་པ་འཇམ་དབྱངས་བཞད་པ་ཧུ་ཐོག་ཐུ་ཞེས་པའི་གསེར་ཐམ་ཕུལ། དགུང་ལོ་ཉེར་གཅིག་པར་པཎ་ཆེན་རིན་པོ་ཆེ་བླ་བྲང་དུ་ཕེབས་པ་དང་བསྟུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཤིང་དཔལ་དུས་ཀྱི་འཁོར་ལོའི་དབང་ཡང་གསན། དགུང་ལོ་ཉེར་གཉིས་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་ཁང་སར་སྤྲུལ་སྐུ་ཡོངས་འཛིན་དུ་བསྟེན་ཏེ་ཤེར་ཕྱིན་ལ་ཐོས་བསམ་གནད་དུ་སྨིན་པ་མཛད། དགུང་ལོ་ཉེར་ལྔ་བར་མདོ་སྨད་དུ་ཕེབས་ཤིང་། ལོ་དེར(1940)གོ་མིན་ཏང་སྲིད་གཞུང་གིས་ཁོང་སོག་བོད་ཨུ་ཡོན་དུ་བསྐོས། ཁོང་གིས་རིག་གནས་འཆད་སྤེལ་བྱེད་སའི་སློབ་གྲྭ་འཛུགས་གཉེར་དང་། གདན་ས་རང་དུ་ཟློས་གར་འཁྲབ་སྟོན་བྱེད་པའི་སྲོལ་གནང་བ་སོགས་ཀྱིས་བོད་ཁུལ་གྱི་རིག་གནས་སློབ་གསོ་འཕེལ་རྒྱས་སུ་འགྲོ་བར་ཐུགས་རྗེས་བསྐྱངས། ཁོང་ནི་ཀུན་མཁྱེན་སྐུ་ཕྲེང་ལྔ་པ་ཡིན་ནོ། ཁོང་གི་གདུང་མཆོད་དུ་གོ་མིན་ཏང་གིས་སོག་བོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། བོད་ལྗོངས་ནས་མཁན་ཆུང་ཐུབ་བསྟན་བཟང་པོ་བཅས་མངགས་ནས་དངུལ་སྲང་ཁྲི་ཕྲག་གཉིས་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་བཞེངས་སོ། །