Jump to content

ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ1792ལོར་རེབ་གོང་གཉན་ཐོག (དེང་མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་ཁོངས )ཏུ་ཡབ་ཀླུ་འབུམ་རིན་ཆེན་རྒྱ་མཚོ་དང་། ཡུམ་མཁར་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ1855ལོར་སྐུ་གཤེགས། དགུང་ལོ་བདུན་པར་རྒྱལ་དབང་དང་། གོང་མ་ཀྱཱ་ཆིང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་སོགས་ཀྱིས་ཐུགས་ཁུར་ཆེར་བཞེས་མཛད་དེ་ལྷ་སའི་ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་གཙོ་ཁག་གི་སྤྱན་སྔར་མཚན་བྱང་དཀྲུགས་ཏེ་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོའི་ཡང་སྲིད་འཁྲུལ་མེད་ངེས་བརྙེད་བྱུང་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསེར་ཁྲིར་མངའ་གསོལ་མཛད། ལོ་དེར་ཐུའུ་བཀྭན་ཆོས་ཀྱི་ཉི་མ་ལས་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་ཐུབ་བསྟན་འཇིགས་མེད་ཉི་མ་ཞེས་གསོལ་། ལྷ་རམས་པ་བློ་བཟང་བསྟན་འཛིན་སློབ་དཔོན་དུ་བསྟེན་ནས་ཡི་གེའི་འབྲི་ཀློག་སྦྱོར་གསུམ་ལེགས་པར་སྦྱངས། དགུང་ལོ་བཅུ་གསུམ་པ་ལ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅོ་བརྒྱད་པར་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཕེབས་ཏེ་ཇོ་ཤཱཀ་རྣམ་གཉིས་དང་རྒྱལ་དབང་བཅས་ལ་དངོས་འབུལ་གྱི་མཆོད་སྤྲིན་སྤྲོས། བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་དང་མཇལ་ཏེ་ཚེ་དབང་སོགས་གསན་ཅིང་འབུལ་ནོམ་རྒྱ་ཆེན་ཕུལ་བ་དང་དགེ་འདུན་ཡོངས་ལ་མང་འགྱེད་ཀྱི་མཆོད་སྤྲིན་བསྟར་ཅིང་། གཙང་ནས་ཕྱིར་ཕེབས་ཏེ་གདན་ས་ཆེན་པོ་གསུམ་གྱི་དགེ་འདུན་མང་ཚོགས་ལ་མང་འགྱེད་དང་ཐུགས་སྨོན་གྱི་མཚམས་སྦྱོར་མཛད། འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས་ཏེ་སློབ་གཉེར་གྱི་རྒྱུན་ལེགས་པར་བསྐྱངས། དགུང་ལོ་ཉི་ཤུ་ཐམ་པར་པཎ་ཆེན་གྱི་མདུན་ནས་བསྙེན་པར་རྫོགས། མཚན་ལ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ཞེས་གསོལ། གོང་ས་རྒྱལ་བའི་དབང་པོས་དབུ་གདུགས་རྟ་དར་འབོབ་ལྕག་སོགས་མཁན་ཆས་ཀྱི་གཟེངས་བསྟོད་དཔེ་ཟླ་མེད་པར་མཛད། དེ་ནས་མདོ་སྨད་དུ་ཕེབས་ཏེ། ལྷོ་རྒྱུད་རྒྱལ་མོ་རོང་ནས་ཅོ་ནེ་ཡན་ཆད། བྱང་རྒྱུད་མཚོ་སོ་ལོ་མ་ནས་ཟི་ཁྲོན་བར་གྱི་ཡུལ་གྲུ་ཕལ་ཆེར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་སོ། གདན་སར་སྒྲོལ་ལྗང་གི་སྐུ་བརྙན་ལི་མ་ཁྲུ་ཚད་ལོངས་པ་སྟོང་དུ་ཉེ་བར་གསར་བཞེངས་མཛད། དགོན་ལུང་དང་སྐུ་འབུམ། བྱ་ཁྱུང་དང་ཆུ་བཟང་སོགས་ནས་གདན་ཞུས་ལྟར་ཕེབས་ཏེ་མཁས་མང་འདུས་པའི་ཚོགས་ལ་ལེགས་བཤད་ཀྱི་བདུད་རྩིའི་དགའ་སྟོན་ཅི་དགར་བསྩལ་བ་ལ། གོང་མ་ཏོའུ་བཀྭང་མཆོག་ཀྱང་ཐུགས་ཤིན་ཏུ་མཉེས་ནས་བསྟན་པ་འཛིན་སྐྱོང་བྱེད་པའི་ས་མ་ཏི་པཀྵིའི་ཐམ་ག་དང་གསེར་ལུང་གིས་གཟིངས་བསྟོད་མཛད་དོ། །ཁོང་ནི་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་ཡིན། །