Jump to content

ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་

ཡོང་ཁུངས་Wikipedia

སེ་རའི་མཁན་ཐོག་ལྔ་པ་ཡིན། མཚན་གཞན་ཀུན་མཁྱེན་མུས་ཀྲད་པ་ཡང་ཟེར། འཁྲུངས་ལོ་གསལ་བའི་ཡིག་ཆ་མ་མཐོང་ཡང་འཁྲུངས་ཡུལ་ལ་སྟོད་ཡིན། རྗེ་ཙོང་ཁ་པ་ཆེན་པོ་དང་། མཁས་གྲུབ་རྗེ། འཇམ་དབྱངས་ཆོས་རྗེ་སོགས་རྩ་བའི་བླ་མར་བསྟེན་ནས་མདོ་སྔགས་གཞུང་ལ་སློབ་གཉེར་མཐར་ཕྱིན་པ་མཛད། འབྲས་སྤུངས་ཟུར་ཁང་གི་འཆད་ཉན་སློབ་དཔོན་མཛད་ཅིང་། རྗེས་སུ་སེ་ར་ཐེག་ཆེན་གླིང་གི་མཁན་པོར་གདན་དྲངས་པ་ལྟར་ཕེབས་ཤིང་གཞུང་ཆེན་པོའི་འཆད་ཉན་རྒྱུན་རིང་དུ་བསྐྱངས་པས་སློབ་མ་ཡང་གཉལ་སྟོན་དཔལ་སྟོན་དཔལ་འབྱོར་ལྷུན་གྲུབ་དང་། སློབ་དཔོན་དཔལ་ལྡན་བློ་གྲོས་པ་སོགས་གསུང་སྒྲོས་བརྒྱུད་འཛིན་པ་མང་པོ་བྱུང་བ་རྣམས་ཀུན་མཁྱེན་ཉིད་དགོངས་པ་རྫོགས་རྗེས། གཉལ་སྟོན་ཆོས་རྗེ་དཔལ་འབྱོར་ལྷུན་གྲུབ་ཀྱིས་སེ་རའི་མཁན་པོ་མཛད་སྐབས་སྣེའུ་རྫོང་དཔོན་དཔལ་འབྱོར་རྒྱལ་པོ་དང་། དཔོན་མོ་བུ་ཁྲིད་དཔལ་འཛོམས་གཉིས་ཀྱིས་ཀུན་མཁྱེན་གྱིས་སློབ་མ་རྣམས་རྨང་གཞི་བྱས་པའི་གྲྭ་ཚང་ཞིག་གསར་འཛུགས་བྱ་རྒྱུའི་བསྐུལ་མ་ཞུས་ཐོག་གྲྭ་ཚང་གི་ཚོགས་ཁང་དང་། གྲྭ་ཤག་བཅས་གསར་སྐྲུན་གྱི་སྦྱིན་བདག་ཞུས་ཏེ་བྱེས་པ་གྲྭ་ཚང་འཛུགས་ཐུབ་པ་བྱུང་ཡོད། གསུང་རྩོམ་སྐོར། 《དབུ་མའི་རྣམ་བཤད་དགོངས་པ་རབ་གསལ་གྱི་དེ་ཉིད་གསལ་བྱེད》《ཚད་མའི་སྟོང་ཐུན་མཁས་པའི་ཡིད་འཕྲོག》བཅས་ཡོད་དོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།