Jump to content

ཀུན་མཁྱེན་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

ཀུན་མཁྱེན་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ1856ལོར་ཁམས་ཀྱི་འབྲི་ཆུའི་རྒྱུད་ཀྱི་བཀྲ་ཤིས་ལྷ་ལུང་དུ་ཡབ་གཞན་ཕན་བདེ་ལེགས་འབྱུང་གནས་དང་། ཡུམ་གཞན་ཕན་ཆོས་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ1916ལོར་སྐུ་གཤེགས། ཁོང་བྱིས་པའི་དུས་ཀྱི་མཚན་ལ་དབང་ཆེན་སྟོབས་རྒྱས་ཞེས་གསོལ། དགུང་ལོ་གསུམ་པར་སྔོན་གྱི་བག་ཆགས་སད་དེ་སྙན་ངག་གི་ལྗགས་རྩོམ་གནང་བའི་སྐུ་ཡོན་ཁྱད་དུ་འཕགས། དགུང་ལོ་བཞི་བར་ཀུན་མཁྱེན་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་དུ་ངོས་འཛིན་བྱས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་ཆོས་ཀྱི་ཁྲི་ལ་མངའ་གསོལ་མཛད། སྐུ་གོང་མའི་ཞལ་ཆེམས་ལྟར་རྡོ་སྦིས་ལྷ་རམས་པ་བསྟན་འཛིན་རྒྱ་མཚོ་ལས་ཡི་གེའི་འབྲི་ཀློག་ལ་སྦྱངས་ཤིང་། རྗེ་ཤེས་རབ་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ། སྡེ་ཁྲི་རིན་པོ་ཆེའི་གསུང་ལྟར་མཚན་ལ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ཅེས་གསོལ། དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཤིང་དགེ་བཤེས་བློ་བཟང་རྣམ་རྒྱལ་ཡོངས་འཛིན་དུ་བསྟེན། དཔོན་སློབ་བྱམས་པ་རིན་པོ་ཆེའི་སྤྲུལ་སྐུ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དེ་ལྟར་ལོ་ངོ་བཞིའི་རིང་དུ་འདུལ་མཛོད་དབུ་ཚད་བཅས་ལ་གསན་སྦྱངས་མཛད་དེ་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་ཏེ་མདོ་སྨད་དུ་ཕྱག་ཕེབས། དགུང་ལོ་ཉེར་གཉིས་པར་ཀྱཻ་རྡོར་གྲྭ་ཚང་གསར་འཛུགས་དང་། འདུ་ཁང་གསར་བཞེངས་མཛད་ཅིང་གསང་ཆེན་ཆོས་ཀྱི་སྒྲོན་མེ་སྤར། དགུང་ལོ་ཉེར་བརྒྱད་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་བཞུགས་ཏེ་བརྩི་བཞག་དང་འཆད་ཉན་སོགས་ལ་བརྩེ་གཟིགས་དང་། སྒྲིག་ལམ་གསར་འཛུགས་དང་དག་ཐེར་མཛད། དགུང་ལོ་ཞེ་གསུམ་པར་རི་བོ་རྩེ་ལྔར་བརྒྱུད་ནས་པེ་ཅིན་དུ་ཕེབས་ཏེ་གོང་མ་བཀྭང་བཤུས་དང་མཇལ་བས་གསེར་ཡིག་གནང་། དགུང་ལོ་ཞེ་བརྒྱད་པར་གསེར་གཞོང་དུ་དགའ་ལྡན་ཆོས་འཕེལ་གླིང་ཕྱག་འདེབས་གནང་། དགུང་ལོ་ང་བཞི་པར་སླར་ཡང་དབུས་གཙང་དུ་ཕེབས་ཏེ་ས་སྐྱ་དང་། ཙ་རི། དིང་རི། སྐྱིད་གྲོང་། བྲག་དཀར་རྟ་སོ། སྤུ་ཧྲུངས། ཏི་སེ། མ་ཕམ་གཡུ་མཚོ་སོགས་སུ་གནས་མཇལ་དང་། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར། རྟེན་རྣམས་ལ་མཆོད་འབུལ། དད་ལྡན་རྣམས་ལ་ཆོས་སྦྱིན་བཅས་ཀྱིས་ཐུབ་བསྟན་དགྱེས་པའི་མཆོད་སྤྲིན་ཕུལ། དེ་ལྟར་རྒྱ་བོད་ཧོར་གསུམ་གྱི་ཡུལ་གྲུ་ཀུན་ལ་ཞབས་ཀྱིས་བཅགས་ཏེ་དད་ལྡན་གྱི་གདུལ་བྱ་རིས་སུ་མ་ཆད་པ་རྣམས་ལ་ཅི་འདོད་ཀྱི་རེ་བ་སྐོང་བར་མཛད་ཅིང་། བླ་སྤྲུལ་རྣམས་ལ་དབང་ལུང་རྗེས་གནང་བཤད་ཁྲིད་བསམ་གྱིས་མི་ཁྱབ་པ་གནང་བ་དང་གསུང་རྩོམ་པོ་ཏི་བཞིར་ལོངས་པ་བཅས་མཛད་རྗེས་བཞག་ཡོད། ཁོང་ནི་ཀུན་མཁྱེན་སྐུ་ཕྲེང་བཞི་པ་ཡིན་ནོ། །