Jump to content

ཀུན་མཁྱེན་དོན་ཡོད་དཔལ་ལྡན་

ཡོང་ཁུངས་Wikipedia

སེ་ར་ཐེག་ཆེན་གླིང་གི་མཁན་ཐོག་བཅུ་པ་ཡིན། རབ་བྱུང་བདུན་པའི་ཤིང་གླང(༡༤༤༥)ལོར་ཉང་སྟོང་རྒྱལ་རྩེ་ཁུལ་དུ་འཁྲུངས། རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་རབ་བྱུང་མཛད། སློབ་དཔོན་བཟོད་པ་དཔལ་བ་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་མོར་སྦྱངས་པ་མཛད་པས་མཁས་པ་ཆེན་པོར་གྱུར། དགུང་ལོ་ཉི་ཤུར་ཕེབས་སྐབས་འདུལ་འཛིན་བློ་གྲོས་སྦས་པས་མཁན་པོ་དང་། ཆོས་རྗེ་འཇམ་དཔལ་གྲགས་པས་ལས་སློབ། སློབ་དཔོན་མ་ཏི་བས་གསང་སྟོན་མཛད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མི་རིང་བར་དབུས་སུ་ཕེབས་ཏེ་ཉན་པོ་ཤཱཀྱ་རྒྱལ་མཚན་དང་། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། སེར་བྱེས་གྲྭ་ཚང་གི་ཟུར་ཆོས་པ་དང་གསང་ཕུའི་མཁན་པོ་ཡང་མཛད། དགུང་ལོ་ཞེ་གཅིག་པ་རབ་བྱུང་བརྒྱད་པའི་ཤིང་སྦྲུལ(༡༤༨༥)ལོར་སེར་བྱེས་གྲྭ་ཚང་གི་མཁན་པོ་མཛད་པས་གྲྭ་ཚང་གི་སློབ་གཉེར་གོང་འཕེལ་དུ་གྱུར། དགུང་ལོ་བདུན་ཅུ་དོན་གཉིས་པ་རབ་བྱུང་དགུ་པའི་མེ་བྱི(༡༥༡༦)ལོར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ལ་སྐུ་ཚབ་བསྐོས་གནང་མཛད་དེ་སེ་རའི་མཁན་པོའི་ཁྲིར་ཕེབས། དགུང་ལོ་བརྒྱད་ཅུར་ཕེབས་པ་རབ་བྱུང་དགུ་པའི་ཤིང་སྤྲེལ(༡༥༢༤)ལོར་དགོངས་པ་གཞན་དོན་དུ་གཤེགས། སློབ་མ་ཡང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་པཎ་ཆེན་བསོད་ནམས་གྲགས་པ་སོགས་གཞུང་ཆེན་མོའི་འཆད་ཉན་གྱི་ཐུགས་ཁུར་བཞེས་པའི་མཁས་དབང་ཉི་ཤུ་ལྷག་ཙམ་བྱུང་འདུག་ལགས་སོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།