Jump to content

ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོ་

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེང་དབང་པོ་“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „ཀུན་མཁྱེན་འཇིགས་མེད་དབང་བོ་“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོ་ ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ1728ལོར་མདོ་སྨད་སྣང་རའི་གསེར་ཁང་གི་ཉེ་འདབས་(དེང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཁོངས།) སུ་རུས་ལྡོང་རིགས་གཅན་ཚའི་དཔོན་པོ་ངག་དབང་རྣམ་རྒྱལ་དང་། ཡུམ་གནམ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ 1791ལོར་ཀ་མདོ་གདོང་དམར་དགོན་བཀྲ་ཤིས་ཆོས་སྡེར་སྐུ་གཤེགས། དགུང་ལོ་ལྔ་བར་ཏོག་ནོར་བུ་རྒྱལ་མཚན་ལས་དགེ་བསྙེན་དང་། དྲུག་པར་དགེ་ཕྱུག་ཆོས་རྗེ་ལས་རབ་ཏུ་བྱུང་། བདུན་པར་སྐུ་ཞང་དགེ་སློང་བློ་གྲོས་རྒྱ་མཚོ་ནས་ཡི་གེའི་འབྲི་ཀློག་དང་། སུམ་རྟགས། སྔགས་ཀྱི་བཀླགས་ཐབས་སོགས་བསླབས་པས་དཀའ་ཚེགས་མེད་པར་ཐུགས་སུ་ཆུད། དགུང་ལོ་བཅུ་གསུམ་པར་ཁུ་བོ་སྟོང་འཁོར་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་ལས་དགེ་ཚུལ་བསྒྲུབས། དགུང་ལོ་བཅུ་དྲུག་པར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་ཞུས་ཤིང་ཚོགས་སུ་ཕེབས་ནས་གསེར་ཁྲིར་མངའ་གསོལ་མཛད། དགུང་ལོ་ཉེར་གཉིས་པར་ལྕང་སྐྱ་རོལ་པའི་རྡོ་རྗེ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔ་བར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས། ཀླུ་འབུམ་བློ་བཟང་དར་རྒྱས་དང་། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། ས་སྐྱ་བདག་ཆེན་ཀུན་དགའ་བློ་གྲོས་བཅས་མཁས་གྲུབ་མང་པོར་བླ་མར་བསྟེན་ནས་ཚད་མ་དང་། དབུ་མ། ཕར་ཕྱིན། མཛོད། འདུལ་བ་སོགས་ལ་ལེགས་པར་སྦྱངས་པས་གཞན་དྲིང་མི་འཇོག་པའི་མཁྱེན་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས། གྲུབ་མཐའ་སོ་སོའི་བླ་མ་དག་ལས་རྒྱུད་སྡེ་བཞིའི་དབང་ལུང་རྗེས་གནང་རྒྱུན་བཞུགས་གང་མཆིས་ལེགས་པར་གསན་ཏེ་མདོ་སྨད་དུ་ཕེབས་དུས་སྡེ་བ་གཞུང་ནས་དགེ་ལྡན་བསྟན་པའི་གསལ་བྱེད་པཎྜི་ཏ་ནོ་མོན་ཧན་གྱི་ཆོ་ལོ་དང་ཐམ་ཀ་བཅས་གནང་། དགུང་ལོ་སོ་གསུམ་པར་ཨ་མཆོག་བདེ་མོའི་ཐང་དགའ་ལྡན་ཆོས་འཁོར་གླིང་བཏབ། དགུང་ལོ་སོ་བཞི་བར་བཀྲ་ཤིས་འཁྱིལ་དུ་དཔར་བརྐོ་ཐོག་མར་བཙུགས། དགུང་ལོ་ལྔ་བཅུ་བར་གོང་མས་གསེར་གྱི་འཇའ་ས་གནང་། དགུང་ལོ་ང་བདུན་པར་སླར་དབུས་སུ་ཕེབས་ནས་སྔོན་བྱོན་མཁས་པའི་ཕྱག་དཔེ་རྙིང་བ་པོ་ཏི་སུམ་སྟོང་ལྷག་ཙམ་ཕྱག་ཏུ་ཆུད། ཁོང་ནི་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་མཁན་ཆེན་དགེ་འདུན་རྒྱ་མཚོ་སོགས་སུམ་ཅུ་རྩ་གྲངས་ཡོད། གསུང་རྩོམ་ནི་ནང་དོན་རིག་པ་དང་། ཐུན་མོང་རིག་གནས་ཀྱི་སྐོར་བཅས་བསྡོམས་པས་པོ་ཏི་བཅུ་ཕྲག་ལོངས་པ་ཡོད་ལ། ཕྱག་དཔེ་པོ་ཏི་ཁྲི་ཕྲག་བརྒལ་བ་གསར་དུ་བསྒྲིགས་མཛད། ཁོང་གི་མཚན་གྱི་རྣམ་གྲངས་ནི་བླ་སྒོ་དང་། ངག་དབང་འཇམ་དབྱངས་འཕྲིན་རྒྱལ་མཚན་བཅས་ཡིན། །