Jump to content

ཀུན་བརྟགས་བརྒྱད་

ཡོང་ཁུངས་Wikipedia

ནང་པ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བ་བཞིའི་ནང་གསེས་དབུ་མ་པ་རྣམས་ཀྱིས་ཀུན་བཏགས་བརྒྱད་ཅེས་འཇོག་ཚུལ་ཡོད། དེ་ཡང་། ༡བདག། ༢་སེམས་ཅན། ༣སྲོག། ༤སྐྱེ་བ་པོ། ༥་གསོ་བ་པོ། ༦གང་ཟག༧ཤེད་ལས་སྐྱེས། ༨ཤེད་བུ་བཅས་རྣམ་གྲངས་བརྒྱད་པོ་དེ་ནི་དངོས་པོའི་གནས་ཚོད་ལ་དབང་བསྒྱུར་བྱེད་མཁན་བདག་པོ་མེད་ཀྱང་། བདག་པོ་ཡོད་པ་ལྟ་བུར་བཅོས་ནས་གང་ཟག་གི་རྣམ་གྲངས་བརྒྱད་དུ་བཏགས་པ་ཡིན་ཏེ། ཉེར་ལེན་གྱི་ཕུང་པོ་ལྔ་ལ་བདག་དང་བདག་གི་བར་འཛིན་པས་ན་བདག་དང་། ཆོས་རྣམས་ཀྱི་གནས་ལུགས་ཡང་དག་པ་ཇི་བཞིན་མ་ཤེས་པའི་དབང་གིས་རང་གི་ལུས་སྲོག་ལ་ཆགས་ཤིང་ཞེན་པར་བྱེད་པས་ན་སེམས་ཅན་དང་། རང་ཉིད་ཀྱི་ཚེ་དང་ལྷན་ཅིག་ཏུ་གསོན་ཞིང་གནས་པས་ན་སྲོག་དང་། ཡང་ནས་ཡང་དུ་འབྱུང་བའི་སྲིད་པའི་ལམ་གྱིས་རྒྱས་པར་བྱེད་པས་ན་གསོ་བ་པོ་དང་། སྐྱེས་བུའི་རྩལ་བྱེད་པས་ན་སྐྱེས་བུ་དང་། ཡང་དང་ཡང་དུ་སྲིད་པ་འཁོར་བའི་གནས་སུ་སྐྱེ་བ་ལ་མི་ངོམས་ཤིང་ཚོད་མི་ཤེས་པས་ན་གང་ཟག་དང་། བསྐལ་པ་དང་པོར་ཆགས་པའི་མི་རྣམས་ཕ་མའི་ཁུ་ཁྲག་ལ་མི་ལྟོས་པར་ཡིད་ཀྱི་རྣམ་པ་ཙམ་ལས་སྐྱེས་པས་ན་ཤེད་ལས་སྐྱེས་དང་། ང་རྒྱལ་ལ་བརྟེན་ནས་མཐོ་དམན་དུ་འགྱུར་བས་ན་ཤེད་བུ་དང་། ལས་བྱེད་པ་པོ་ཡིན་པས་ན་བྱེད་པ་པོ་དང་། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་མྱོང་བ་པོ་ཡིན་པས་ན་ཚོར་བ་པོ་སྟེ། གང་ཟག་གི་བདག་མེད་ཀྱི་སྟོང་གཞི་གང་ཟག་དེ་ལ་མིང་གི་རྣམ་གྲངས་བརྒྱད་ཀྱི་སྒོ་ནས་བཏགས་པ་ཡིན་ནོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།