ཀུན་བཟང་ལྷ་མོ།

ཡོང་ཁུངས་Wikipedia

སྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཞུགས།། བེ་རི་འཇིགས་མེད་ཀྱིས་བཏུས་བསྒྲིགས་ཞུས། སྙན་ངག་མེ་ལོང་གི་ལེའུ་གཉིས་པའི་དང་པོར་རང་བཞིན་བརྗོད་པའི་རྒྱན་ལ་བཞི་ལས། དང་པོ་རིགས་ཀྱི་རང་བཞིན་བརྗོད་པ་ནི། ཕྱི་ནང་རིག་པའི་གནས་རྣམས་ཐུགས་སུ་ཆུད། །སྔོམ་གསུམ་བསླབ་བྱར་ཉེས་ལྟུང་དྲི་མས་དག །ཕྲ་རགས་མཛད་པ་བསྟན་དང་འགྲོ་ཕན་ཅན། །མཚན་ལྡན་བླ་མའི་ཚོགས་རྣམས་སྤྱི་བོར་མཆོད། །ཅེས་པའམ། ཡང་ན། ཕྱག་ཞབས་མཐིལ་དུ་འཁོར་ལོའི་རི་མོ་བཀྲ། །ཉི་ཤུའི་སོར་མོ་རིན་ཆེན་དྲ་བས་འབྲེལ། །དབུ་ཡི་གཙུག་ཏོར་བལྟ་བར་མི་མངོན་པའི། །རྒྱལ་བ་རྣམས་ཀྱི་སྐུ་ལ་བདག་ཅག་དང༌། །ཡང༌། ཞལ་ནི་གདངས་ཤིང་མཆེ་བ་གཙིགས། །ལྗགས་འདྲིལ་ཁྲོ་གཉེར་ཤིན་ཏུ་བསྡུས། །དམར་སེར་དབུ་སྐྲ་གྱེན་བརྫེས་པའི། །ཁྲོ་བོའི་ཚོགས་རྣམས་གང་བརྒྱངས་སྒྲོག། །ཅེས་པ་ལྟ་བུ། གཉིས་པ་བྱ་བའི་རང་བཞིན་བརྗོད་པ་ནི། མདོ་སྔགས་ཆོས་ཀྱི་སྙིང་པོ་ཀུན་བསྡུས་ནས། །དབེན་པའི་གནས་སུ་རྩེ་གཅིག་ཉམས་བསྟར་ཏེ། །རང་གིས་ཇི་ལྟར་རྟོགས་པའི་ལམ་གྱི་གནང༌། །འདོམས་མཛད་འཇམ་མགོན་བླ་མ་ཙོང་ཁ་པ། །ཞེས་པའམ། ཡང་ན། སྡིག་ཅན་རྔོན་པས་ཉེས་མེད་རི་དྭགས་ལ། །ནོར་སྐྱོད་རྦད་ནས་བྲག་ལ་དཀར་བའི་མཐར། །གནམ་རུའི་རྒྱུད་ལས་འཕོས་པའི་ཉག་ཕྲན་མདེའུ། །སྙིང་ལ་བསྣུན་ནས་གསོད་འདི་ཡ་རེད། །ཞེས... དང༌། ཡང༌། མགར་བས་ལྕགས་ཧྲུག་སོལ་བའི་མེར། །བསྲེགས་ཏེ་སྐམ་པས་ལེགས་བཟུང་ནས། །ཐོ་བས་རྡུང་བའི་ཞུན་ཐར་གྱིས། །སྤུ་གྲི་རྣོན་པོ་འཆོས་པར་བྱེད། །ཅེས་པ་ལྟ་བུ། གསུམ་པ་ཡོན་ཏན་བརྗོད་པའི་རང་བཞིན་གྱི་རྒྱན་ནི། མཚན་ལྡན་མུ་དྲའི་ཆུ་སྐྱེས་རེག་བྱ་ཡིས། །ཕྲ་རགས་ལས་རླུང་རྒྱུ་བ་སྙིང་དབུས་སུ། །འདུས་ནས་བརྗོད་བྲལ་ལྷན་སྐྱེས་བདེ་ཆེན་དང༌། །གཞོམ་མེད་རྡོ་རྗེའི་སྐུ་མཆོག་ངང་གིས་འཐོབ། །ཅེས་པའམ། ཡང་ན། བཅུ་དྲུག་ལང་ཚོ་གསར་ལྡན་ལུས་ཕྲ་མའི། །མདོག་དབྱིབས་མཛེས་པའི་ལུས་ཀྱི་སྐྱེ་མཆེད་དང༌། །མགྲིན་པའི་ལམ་ལས་བླངས་པའི་སྙན་འགྱུར་གླུས། །ཚུར་མཐོང་སྐྱེས་བུའི་ཡིད་ནི་འདོད་ལྡན་བྱེད། །ཅེས་དང༌། གཞན་ཡང༌། དབྱངས་ཅན་ལྷ་མོའི་རྒྱུད་མང་སྒྲས། །སྐལ་ལྡན་རྣ་བ་ཚིམ་བྱེད་ཅིང༌། །ཡིད་ལ་སྔོན་མེད་དགའ་བ་དང༌། །སྙན་ངག་རྩོམ་པའི་བློ་གྲོས་རྒྱས། །ཞེས་པ་ལྟ་བུ། བཞི་པ་རྫས་བརྗོད་པའི་རང་བཞིན་གྱི་རྒྱན་ནི། །གནག་སྣུམ་དབུ་སྐྲ་བསིལ་བུས་སྐུ་སྟོད་ཁེབས། །རབ་དཀར་རུས་པའི་ཕྱག་རྒྱ་ལྔ་ཡིས་སྤུད། །གཡས་གཡོན་ཕྱག་ན་གྲི་གུག་ཐོད་ཁྲག་ཅན། །གང་འདི་མཁའ་སྤྱོད་དབང་མོ་མ་ལགས་སམ། །ཞེས་པའམ། ཡང་ན། ཕྱོགས་མཚམས་ཡུལ་གྲོང་མང་པོས་བསྐོར། །མདུན་རྒྱབ་རྐད་པར་དགོན་སྡེ་དང༌། །རྩེ་མོར་དར་སྤུངས་མཐོན་པོ་ཅན། །འདེ་ནི་ཤེལ་རྩེའི་རི་བོའོ། །ཞེས་པ་ལྟ་བུ། གཉིས་པ་དཔེ་རྒྱན་ལ་གསུམ། དངོས་ཀྱི་དཔེར་རྗོད། སྐྱོན་ཡོན་གྱིས་དཔེར་བརྗོད། གསལ་བྱེད་ཀྱི་སྒྲའི་དཔེར་བརྗོད་དོ། །དང་པོ་ལ་སུམ་ཅུ་རྩ་གཉིས་ལས། དང་པོ་ཆོས་དེབ་ནི། མཚན་དཔེའི་སྐུ་མཆོག་རི་དབང་ལྟ་བུར་བརྗིད། །དྲུག་ཅུའི་གསུང་ནི་ཚངས་པའི་དབྱངས་ལྟར་སྙན། །མཁྱེན་བརྩེའི་ཐུགས་གསང་རྒྱ་མཚོ་ལྟར་ཟབ་པའི།།ཐུབ་པའི་དབང་པོ་ཕ་ལྟར་བཀའ་དྲིན་ཆེ། །ཞེས་པའམ། ཡང་ན། ཚངས་སྲས་ཁྱོང་སྐུ་གངས་རི་ལྟ་བུར་དཀར། །གསུང་དབྱངས་དྲི་ཟའི་གླིང་བུ་བཞིན་དུ་སྙན། །མཁྱེན་པའི་ཡེ་ཤེས་ཚིག་མངའི་ལམ་ལྟར་ཡངས། །བརྩེ་བའི་ཐུགས་རྗེས་འགྲོ་ཚོགས་མས་བཞིན་སྐྱོང༌། །ཞེས་པ་ལྟ་བུ། གཉིས་པ་དངོས་པོའི་དཔེ་ནི།ཁྲོ་རྒྱལ་བཛྲ་བྷཻ་རའི་རྩ་བའི་ཞལ། །དབྱར་དུ་མཁའ་ལ་འཁྲིགས་པའི་ཆར་སྤྲིན་འདྲ། །དེ་ཡི་ཤེས་བྱར་ལྟ་བའི་ཡེ་ཤེས་སྤྱན། །དུས་མཐའི་བསྲེག་ཟ་འབར་བའི་ཚུལ་ལ་འགྲན། །ཞེས་བའམ། ཡང་ན། མཁྱེན་བས་བློ་གཏེར་རྗེས་སུ་འཆིང༌། །བརྩེ་བས་ལག་ན་པདྨོར་འགྲན། །ནུས་པ་གསང་བདག་ཕམ་མཛད་པའི། །འཇམ་མགོན་བླ་མ་སྙིང་དང་འདྲ།།ཞེས་པ་ལྟ་བུ། གསུམ་པ་ལྡོག་པའི་དཔེ་ནི། འཇམ་མགོན་རྒྱལ་བ་གཉིས་པའི་མཁྱེན་རབ་བཞིན། །ཀུ་ཤའི་རྩེ་མོ་མ་འདྲེས་སོ་སོར་གསལ། །དེ་ཡི་རྣམ་པར་དཀར་བའི་འཕྲིན་ལས་ལྟར༑ ༑གཡས་རུ་གཙང་པོའི་རྒྱུན་ལ་ཆད་པ་མེད། །ཅེས་པའམ།ཡང་ན། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །ཟབ་ཅིང་ཡངས་བའི་རྣམ་དཔྱོད་ཇི་བཞིན་དུ། །རིན་ཆེན་མ་ལུས་གང་ལས་འབྱུང་བའི་གནས། །གཏིང་དང་ཕ་མཐས་དབེན་པ་ངོ་མཚར་ཆེ། །ཞེས་པ་ལྟ་བུ། བཞི་པ་ཕན་ཚུན་གྱི་དཔེ་ནི།གྲུ་འཛིན་བདག་པོའི་ཐུགས་རྗེ་ཇི་བཞིན་དུ། །རིན་ཆེན་འབྱུང་གནས་མ་ཡི་གཏིང་མཐའ་སྟེ། །རྒྱ་མཚོ་ཆེ་ལྟར་འཕགས་པའི་ཐུགས་རྗེ་ཡང༌། །ཚུ་རོལ་མཐོང་བའི་བསམ་བརྗོད་ཡུལ་ལས་འདས། །ཞེས་པའམ། ཡང་ན། འཇམ་དཔལ་སྙིང་པོའི་མཁྱེན་དཔྱོད་བཞིན། །ཟླ་བའི་མ་མ་གཏིང་དཔག་དཀའ། །ཆུ་གཏེར་བཞིན་དུ་མགོན་པོ་དེའི། །བློ་གྲོས་ཕ་མཐའ་སུ་ཡིས་རྙེད། །ཞེས་པ་ལྟ་བུ།ལྔ་པ་དེས་པའི་དཔེ་ནི། རྒྱལ་སྲས་ཐོགས་མེད་བཟང་པོའི་ཐུགས་རྒྱུད་ཀྱི། །འགྲོ་བ་ཀུན་ལ་རྗེས་སུ་བརྩེ་བའི་དཔེ། །བུ་སྡུག་སྲོག་དང་བྲལ་བའི་མ་ཉིད་ལས།།གཞན་པ་ཚངས་པའི་བློས་ཀྱང་རྙེད་མ་ཡིན། །ཞེས་པ་ལྟ་བུ།དྲུག་པ་ངེས་མེད་ཀྱི་དཔེ་ནི། རྒྱལ་སྲས་ཐོགས་ མེད་བཟང་པོའི་སྙིང་རྗེ་ནི། །འཕགས་མཆོག་ཐུགས་རྗེའི་གཏེར་དང་རྗེས་སུ་མཐུན། །གཞན་ཡང་ཉམས་ཐག་འགྲོ་ལ་ཆེས་བརྩེ་ག །མཐའ་དག་གང་གི་མཐུན་དཔེར་འོས་པ་ཡིན། །ཞེས་པ་ལྟ་བུ། བདུན་པ་བསྡུས་པའི་དཔེ་ནི། རཏྣ་བྷ་དྲ་འཇིག་རྟེན་དབང་ཕྱུག་དང་སྙིང་རྗེ་ཆེ་ལྡན་ཁོ་ནས་མཚུངས་མིན་ཏེ། །གྲུ་འཛིན་མིང་དུ་གྲགས་པའི་རི་བོའི་སྤོར། །བཞུགས་པའི་གནས་མཆོག་མཛད་པ་འདི་ཡིས་ཀྱང༌། །ཞེས་པ་ལྟ་བུ། ཡང་ན། དགེ་སློང་འཕེལ་འདི་ཚིག་ལབས་སྨྲ། །ཁོ་ནས་མཁས་གྲུབ་འདྲ་མིན་ཏེ་སྐྱ་སེར་ཕོ་མོ་གང་འཕྲད་ལ། །སློང་མོ་སློང་བ་འདི་ཡིས་ཀྱང༌། །ཞེས་པ་ལྟ་བུ། བརྒྱད་པ་ཕུལ་བྱུང་གྱི་དཔེ་ནི། རཏྣ་བྷ་དྲ་བཞད་ལྗོངས་གྲུ་འཛིན་དང༌། །སྤྱན་རས་གཟིགས་དབང་ལྷོ་ཕྱོགས་པོ་ཏ་ལར། །བཞུགས་པའི་གནས་ཀྱི་ཁྱད་པར་ཙམ་ཉིད་ལས། །གཞན་པའི་རྣམ་དབྱེ་ཤེས་བྱར་སྲིད་མ་ཡིན། །ཞེས་པ་ལྟ་བུ། དགུ་པ་རབ་བརྟགས་ཀྱི་དཔེ་ནི། བློ་བཟང་གྲགས་པའི་མཁྱེན་པ་དང་མཚུངས་ཞེས། །བརྟན་པའི་འཁོར་ལོ་སྙེམ་པར་མི་འཚལ་ཏེ། །བསྐལ་བཟང་རྣམ་འདྲེན་བཞི་པ་ཟས་གཙང་སྲས། །དེས་ཀྱང་ཤེས་བྱ་མཐའ་དག་མཁྱེན་མིན་ནམ།།ཞེས་པའམ། ཡང་ན། རྩི་བཅུད་དཀོན་པའི་དཔེར་འོས་ཞེས། །ས་ཡི་ཟླ་བ་སྙེམས་མི་འཚལ། །གངས་ཁྲོད་རྒུན་གྱི་མེ་ཏོག་ལའང༌། །ངང་ཚུལ་དེ་དང་ལྡན་པས་སོ། །ཞེས་པ་ལྟ་བུ། བཅུ་པ་རྨད་བྱུང་གི་དཔེ་ནི། ཟུང་འཇུག་མངོན་གྱུར་རྗེ་བཙུན་མི་ལ་ཡིས། །ཞི་དུལ་འདུལ་བའི་ཀུན་སྤྱོད་ལ་གནས་ནས། །སྒྲ་ཚད་རིག་པའི་གནས་ལ་ལེགས་སྦྱངས་ན། །བློ་བཟང་གྲགས་པའི་དཔལ་གྱི་མཐུན་དཔེར་འགྱུར། །ཞེས་པའམ། ཡང་ན། ངག་གི་དབང་ཕྱུག་རྗེ་བཙུན་འཇམ་དབྱངས་ལ། །མགོན་པོ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང༌།།ཕྱག་ན་རྡོ་རྗེའི་མཐུ་སྟོབས་ལྡན་གྱུར་ན། །བློ་བཟང་གྲགས་པའི་དཔལ་དང་མཚུངས་པར་འགྱུར། །ཞེས་པ་ལྟ་བུ། བཅུ་གཅིག་པ་རྨོངས་པའི་དཔེ་ནི། བློ་བཟང་རྒྱལ་བའི་དབང་པོའི་རྣམ་ཐར་ལ། །བུ་རམ་ཤིང་པའི་མཛད་པ་རྫོགས་སྙམ་སྟེ། །བཙུན་མོའི་འཁོར་གྱིས་རྣམ་པར་རོལ་པའི་ཚུལ། །རྟོག་ལ་ཉིན་མཚན་ཕྲེང་བ་མང་དུ་འདས། །ཞེས་པའམ། ཡང་ན༑ དགེ་སློང་འཕེལ་ཉིད་སློང་མོ་པར་འཁྲུལ་ནས། །རང་གི་སྒོ་ཁྱིས་ཟུག་ཅིང་ཡང་ཡང་གཙེས། །མུ་ལྟོ་པ་ལ་དགེ་སློང་འཕེལ་ལོ་སྙམ། །དགེ་ཚུལ་གྱིས་ཀྱང་མང་ཇའི་སྐལ་བ་གཏང༌། །ཅེས་པ་ལྟ་བུ། བཅུ་གཉིས་པ་ཐེ་ཚོམ་གྱི་དཔེ་ནི། ཟབ་མོའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །གངས་རིས་བསྐོར་བའི་ལྗོངས་འདིར་ཕེབས་པའམ། །ཡང་ན་ཡབ་རྗེ་བློ་བཟང་གྲགས་པའི་དཔལ།།ཟབ་མོའི་ལྟ་བ་འཆད་སྙམ་ཡིད་གཉེས་གྱུར། །ཅེས་པ་ལྟ་བུ།།བཅུ་གསུམ་པ་གཏན་ལ་ཕེབས་པའི་དཔེ་ནི༑ སྤྲོས་བྲལ་གནས་ལུགས་སྟོན་པའི་བཤེས་གཉེན་འདི། །མགོན་པོ་ཀླུ་སྒྲུབ་ཉིད་དུ་དོགས་གྱུར་ཀྱང༌། ཞ་སིར་ཅོད་པན་འཆད་བའི་གཏན་ཚིགས་ཀྱིས། །བློ་བཟང་གྲགས་པའི་དཔལ་དུ་ངེས་པ་རྙེད། །ཅེས་པ་ལྟ་བུ། བཅུ་བཞི་པ་སྦྱར་བའི་དཔེ་ནི། རྒྱལ་བས་ལུང་བསྟན་བརྟན་པའི་འཁོར་ལོ་ཡིས། །རྗེས་བཟུང་ཟབ་མོའི་ལྟ་དང་ཉེར་འབྲེལ་བའི། །སྔགས་ལམ་སྟོན་པས་འཇམ་དཔལ་སྙིང་པོའི་ཞབས། །ཀླུ་སྒྲུབ་རྡོ་རྗེ་ཅན་དང་མཚན་ཉིད་མཐུན།།ཞེས་པ་ལྟ་བུ། །བཅོ་ལྔ་པ་མཉམ་ཉིད་ཀྱི་དཔེ་ནི། སྙན་ཚིག་སྨྲ་བ་ཀུན་གྱི་མཆོག །བསྟན་འཛིན་ཆོས་ཀྱི་ཉི་མ་འདི། །མཁས་མཆོག་དབྱུག་པ་ཅན་ཇི་བཞིན། །འཁྲུངས་ཡུལ་རྒྱ་གར་མ་ཡིན་ནོ། །ཞེས་པའམ། ཡང་ན། མཁས་མཆོག་དགེ་ལེགས་རྣམ་རྒྱལ་གྱི། །བཤད་སྦྱར་ངཎྚིའི་དགོངས་རྒྱན་འདི། །བཀའ་འགྲེལ་དབྱངས་ཅན་དགྱེས་པ་ཡི། །གླུ་དབྱངས་ཇི་བཞིན་པར་མ་ཡིན། །ཞེས་པ་ལྟ་བུ། བཅུ་དྲུག་པ་སྨད་པའི་དཔེ་ནི། འཕགས་པ་ལྷ་ནི་འདྲེན་བྱེད་རྣམ་པར་ཉམས། །ཟླ་བ་གྲགས་པ་བ་ལང་རྫི་རུ་གྱུར། །དེ་དག་ཉིད་དང་བློ་བཟང་གྲགས་པའི་དཔལ། །མཚུངས་པར་མ་ཟད་ཁྱད་ཆོས་དུ་མས་འཕགས། །ཞེས་པ་ལྟ་བུ།བཅུ་བདུན་པ་སྔགས་པའི་དཔེ་ནི། ཨཱརྱ་དེ་བ་མངལ་གྱི་དྲི་མས་དག །ཙནྡྲ་ཀཱི་རྟི་བསམ་བཞིན་ཞིང་འདིར་ཕེབས། །དེ་དག་ཉིད་དང་སུ་དྷཱི་ཀཱི་རྟིའི་མཚན། །ཡོན་ཏན་རྣམ་པ་ཀུན་ནས་མཚུངས་མིན་ནམ༑ ༑ཞེས་པ་ལྟ་བུ། བཅོ་བརྒྱད་པ་བརྗོད་འདོད་ཀྱི་དཔེ་ནི། སྙན་ཚིག་ཕུན་ཚོགས་ཡོན་ཏན་དང་ལྡན་ནམ། །ཁྱིམ་པའི་རྟེན་གྱི་སྐྱོན་འགྱུར་ཇི་ལྟར་ཡང༌། །དགེ་དབང་ཉིད་དང་རྒྱལ་མཆོག་བདུན་པའི་ཞབས། །མཚུངས་པར་བརྗོད་འདོད་རྣམ་རྟོག་ཡིད་ངོར་ཤར། ཞེས་པ་ལྟ་བུ། བཅུ་དགུ་པ་འགལ་བའི་དཔེ་ནི། ཐུན་མཚམས་ནམ་མཁའའི་གླང་པོ་དང༌། །གུར་ཀུམ་རྡུལ་མང་བརྩེགས་པའི་རི། །ཟུར་ཕུད་ལྔ་པའི་གཟུགས་ཀྱི་སྐུ། །འདི་གསུམ་ཕན་ཚུན་རབ་ཏུ་འགལ། ཞེས་པ་ལྟ་བུ། ཉི་ཤུ་པ་དགགཔའི་དཔེ་ནི། དབྱིབས་ལེགས་རྣམ་འགྱུར་མི་ལྡན་པའི། །རབ་དམར་བྱུ་རུའི་སྡོང་པོ་ལ། །མཁའ་སྤྱོད་དབང་མོའི་མཛེས་སྐུ་དང༌།།མཚུངས་པའི་ནུས་པ་གཞལ་ཡང་མེད། །ཅེས་པ་ལྟ་བུ། ཉེར་གཅིག་པ་དོ་བསྟོད་ཀྱི་དཔེ་ནི། མཁའ་སྤྱོད་ཞལ་དཀྱིལ་བུང་བ་དང་འདྲའི་སྤྱན། །རྒྱ་སྐྱེགས་མེ་ཏོག་བུང་བ་དངོས་ཀྱིས་མཚན། །འོན་ཏེ་འདྲེན་བྱེད་ཡུལ་དུ་བདུད་རྩིའི་ཆར།།འབེབས་ལ་མེ་ཏོག་ལྷག་མིན་ཀུན་ནས་མཉམ། །ཞེས་པ་ལྟ་བུ། ཉེར་གཉིས་པ་དེ་ཉིད་བརྗོད་པའི་དཔེ་ནི། ལེགས་སྦྱར་ཕ་མཐར་སོན་འདི་གདོང་དྲུག་ལྷ། །མ་ཡིན་ཀརྨ་སི་ཏུའི་སྤྲུལ་སྐུ་སྟེ། །ཀུན་ཏུ་གྲགས་འདི་དབྱར་སྐྱེས་སྤྲིན་གྱི་རྔ། །མ་ཡིན་གང་གི་སྙན་པར་གྲགས་པའི་སྒྲ། །ཞེས་པ་ལྟ་བུ། ཉེར་གསུམ་པ་མཐུན་མོང་མིན་པའི་དཔེ་ནི། འཕགས་ཡུལ་དགེ་དབང་དཔའ་བོས་མཚོན་མིན་པའི། །སྙན་འགྱུར་ཚིག་གི་མཆོད་སྦྱིན་འགྱེད་པའི་དཔེར། །རང་ཉིད་ཉག་གཅིག་འོས་པ་བོད་ལྗོངས་ཀྱི། །ཁས་མཆོག་དགེ་ལེགས་རྣམ་པར་རྒྱལ་དེ་མཚར། །ཞེས་པ་ལྟ་བུ། ཡང་བྱང་ཆུབ་ལམ་གྱི་རིམ་པའི་སྐྱེས་བུ་ཆུང་འབྲིང་གི་ལམ་བརྗོད་བྱར་སྟོན་པ་ལ། ཉེར་གཅིག་པ་ངོ་བསྟོད་ཀྱི་དཔེ་ནི། འདྲེན་མཆོག་ཟས་གཙང་སྲས་པོ་སངས་རྒྱས་དངོས། །བདག་གི་མགོན་གང་རྒྱལ་བའི་རྣམ་སྤྲུལ་ཏེ། །འོན་ཀྱང་མདོ་རྒྱུད་ལམ་གྱི་རིམ་པ་ཀུན། །འདོམས་ལ་ཁྱད་པར་མ་དམིགས་ངོ་མཚར་ཆེ། །ཞེས་པ་ལྟ་བུ། ཉེར་གཉིས་པ་དེ་ཉིད་བརྗོད་པའི་དཔེ་ནི། རྙེད་པར་དཀའ་འདི་ཡིད་བཞིན་དབང་གི་རྒྱལ། །མ་ཡིན་དལ་འབྱོར་ཚང་བའི་རྟེན་མཆོག་སྟེ། །ཤིན་ཏུ་ཉམ་ཆུང་འདི་ཡང་ཆུའི་ཆུ་བུར། །མ་ཡིན་སྙིགས་དུས་སྐྱེ་བོའི་ཚེ་སྲོག་གོ། །ཞེས་པ་ལྟ་བུ། ཉེར་གསུམ་པ་མཐུན་མོང་མིན་པའི་དཔེ་ནི། ཕྱོགས་བཞིའི་རླུང་གིས་བུས་པའི་རབ་འབར་མེར། །ཡུན་རིང་སྲེགས་པའི་མནར་མེད་དམྱལ་བ་ཡི། །བརྣག་དཀའི་སྡུག་བསྔལ་དཔེར་འོས་སྲིད་པ་འདིར། །རྙེད་མིན་ཁོ་རང་ཉིད་ དང་འདྲ་བར་མཐོང༌། །ཞེས་པ་ལྟ་བུ། ཉེར་བཞི་པ་བྱུང་མིན་གྱི་དཔེ་ནི། སྲིད་དང་ཞི་བའི་ལེགས་ཚོགས་ཡོན་ཏན་ཀུན། །བྱེད་པོའི་གཅིག་ཏུ་བསྡུས་ལ་ཅོ་འདྲི་བའི། །སླུ་མེད་སྐྱབས་ཀྱི་མཆོག་གྱུར་རིན་ཆེན་གསུམ། །མགོན་དུ་བཞུགས་འདི་ཨེ་མ་སྐལ་བ་བཟང༌། །ཞེས་པ་ལྟ་བུ། ཉེར་ལྔ་པ་སྲིད་མིན་གྱི་དཔེ་ནི།ཉིན་བྱེད་ཟེར་ལས་སྟུག་པོའི་མུན་པ་བཞིན། །རྣམ་དཀར་རྒྱུ་ལས་སྡུག་བསྔལ་ཚོར་བ་དང༌། །རྡོ་བའི་དབུས་ནས་གསར་པའི་མྱུ་གུ་ལྟར། །མི་དགེ་རྒྱུ་ལ་བདེ་འབྲས་འབྱུང་མི་སྲིད། །ཅེས་པ་ལྟ་བུ།ཉེར་དྲུག་པ་མང་བའི་དཔེ་ནི། སྔོན་ཆད་བག་མེད་མི་དགེར་སྤྱད་ཀྱང་སླར། །སྟོབས་བཞི་རྫོགས་པའི་གཉེན་པོར་འབད་གྱུར་ན།།དགའ་བོ་སོར་འཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ངན་པའི་འབྲས་བུ་ཆ་ཙམ་མྱོང་མ་ཡིན། །ཞེས་པ་ལྟ་བུ། ཉེར་བདུན་པ་རྣམ་འགྱུར་གྱི་དཔེ་ནི། མཚན་དཔེའི་ལང་ཚོ་དར་བའི་རྣམ་འདྲེན་སྐུ། །སྲིད་ཞིའི་ལེགས་ཚོགས་དཀྱིལ་ནས་བཏོན་པ་བཞིན།།རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས། །ཉིན་མོར་བྱེད་པའི་ལྟོ་ལས་འཁྲུངས་པ་བཞིན། །ཞེས་པ་ལྟ་བུ།ཉེར་བརྒྱད་པ་འཕྲེང་བའི་དཔེ་ནི། །ཚུལ་མིན་ཡིད་དུ་བྱེད་ལས་བདག་འཛིན་དང༌། །དེ་ལས་ཉོན་མོངས་དེ་ལས་ཟག་བཅས་ལས། །དེ་ལས་རྣམ་གསུམ་འཁོར་བའི་སྡུག་བསྔལ་བཞིན། །བསླབ་གསུམ་རྒྱུ་ལས་ཐར་པའི་བདེ་བ་འབྱུང༌། །ཞེས་པ་ལྟ་པའོ༑༑ རྗེ་དཔལ་ཁང་པས། བཞིན་ལྟར་མཚུངས་འདྲ་ཟིལ་གནོན་འགོངས། །ཇི་བཞིན་དེ་བཞིན་གཟུགས་བརྙན་མཉམ། །དཔལ་འཕྲོག་ཙེ་འདྲི་སྐྱེངས་བྱེད་འགོག །འགྲོན་འཁུ་རྒྱལ་སྡང་ཕྲག་དོག་ལྷག།རྗེས་མཐུན་རྗེས་འགྲེ་རྗེས་སུ་བྱེད། །ཉེར་གསུམ་འདི་རྣམས་མཚུངས་གསལ་སྒྲ། །ཞེས་གསུངས་པ་ལྟར༑ དབྱངས་ཅན་ཁྱོད་སྐུ་གངས་ཀྱི་རི་བོ་བཞིན།།དྲི་ཟའི་གླིང་བུ་སྟོང་ལྟར་སྙན་པའི་གསུང༌། །མཐའ་མེད་མཁྱེན་པ་ལྷ་ཡི་ལམ་དང་མཚུངས། །གྲངས་མེད་ཡོན་ཏན་ཕུང་བསྐོར་ཚོགས་འདྲ། །འཕྲིན་ལས་ཆེན་པོས་ཆུག་རྒྱུན་ཟིལ་གྱིས་གནོན༌།བཞིན་རས་ཉ་རྒྱས་ཟླ་བའི་མཛེས་པར་འགོངས།།སྤྲིན་ལམ་ཇ་བཞིན་དབུ་སྐྱེས་ཡིད་དུ་འོང༌། །འཛུམ་དཀར་འཕྲོ་བ་ཟླ་བའི་འོད་ལྟ་བུ། །མཆུ་སྒྲོས་ཤིང་འབྲས་བིམ་བའི་གཟུགས་བརྙན་ཅན། །ལྗགས་ཡུངས་པདྨ་དམར་པོའི་འདབ་མར་མཉམ། །མུ་ཏིག་འཕྲེང་བའི་དཔལ་འཕྲོག་ཚེམས་དཀར་མཛེས།།ཨུཏྤལ་འདབ་མར་ཅོ་འདྲིའི་འདྲེན་བྱེད་ཟུང༌། །ཡོན་པོར་ལྟ་བས་རི་དྭགས་སྐྱེངས་པར་བྱེད། །སྨིན་ཚུགས་དབྱིབས་ལེགས་དབང་གཞུའི་མཛེས་པ་འགོག །མཛོད་སྒུ་རིན་ཆེན་གཉིས་པའི་འབུར་ལ་འགྲན། །སྙན་ཟུང་གཡས་འཁྱིལ་དུང་གི་དབྱིབས་ལ་འཁུ། །མགུལ་པ་རབ་མཛེས་བུམ་པའི་མགྲིན་ལས་རྒྱལ། །ནུ་འབུར་ཆུ་འཛིན་གསར་པའི་དཔལ་ལ་སྡང༌། །ཕྱག་གྲི་པད་དཀར་སྡོང་བུར་ཕྲག་དོག་བྱེད། །ཕྱག་སོར་ལྕུག་ཕྲན་གཞོན་ནུ་ལྡེམ་ལས་ལྷག །སྐེད་སྐབས་པདྨའི་སྐུད་པའི་རྗེས་སུ་མཐུན། །ཞབས་ཟུང་ཆུ་ཤིང་རྐང་འཐུང་རྗེས...སུ་འགྲོ། ལྷ་ཁྱོད་འཆི་མེད་སྒེག་མོའི་རྗེས་སུ་བྱེད། །དེ་ཕྱིར་གུས་པས་བསྟོད་ལ་བློ་མཆོག་སྩོལ།། འ་སྲོད་དུས་འཆི་མེད་ལྷ་ཡི་ལམ་ཡངས་པོར། །འཕྲུལ་བློན་པ་ཝ་སངས་དང་རྒྱུ་སྐར་གྱི། །རྒྱལ་པོ་ཤར་བའི་འོད་དཀར་རལ་གྲི་ཡིས། །སྟུག་པོའི་མུན་ཚོགས་མིང་གི་ལྷག་མར་བྱས། །ཞེས་དཔེར་ཅན་པ་སངས་དང་ཟླ་བ་གཉིས་ཚོགས་པ་དཔེ་རལ་གྲིའི་གཟུགས་སུ་བཀོད་པས་ཁྱད་ པར་གྱི་གཟུགས་ཅན་ནོ།། འ་རྫས་ཐོག་གསལ། ཟུར་ཕུད་ལྔས་མཚན་འཇམ་མགོན་ལྷག་བའི་ལྷས། །མི་ཤེས་རྨོངས་བའི་མུན་ཆེན་གང་དུ་བཏང༌། །འཆད་རྩོད་རྩོམ་ལ་ཐོགས་བྲལ་ཕྲ་འཛངས་བློ། །གང་ན་གནས་དེ་བླངས་སྙམ་འཕྱང་མོ་ཉུག །ཅེས་པའམ།ཡང་ན། ཟླ་ཚེས་གཙུག་འཆང་དབྱངས་ཅན་ལྷའི། །མཛེས་སྐུ་འདྲེན་བྱེད་བདུད་རྩེ་སྟེ། །གསུང་སྙན་སྒྲ་འཛིན་བཅུད་དུ་ལེན།།ཟབ་ཐུགས་ཡིད་ལ་དགའ་སྟོན་འགྱེད། །ཅེས་པ་ལྟ་བུ། ལྔ་པ་སྐོར་བའི་རྒྱན་ལ་གསུམ་ལས། དང་པོ་དོན་སྐོར་ནི། སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་བཞིའི་དོན། །འཆད་ལ་ཟླ་བྲལ་རྗེ་བཙུན་ཙོང་ཁ་པ། །བསླབ་པ་གསུམ་དང་རིམ་པ་གཉིས་ཀྱི་ཚུལ། །བསྒོམས་པས་མངོན་གྱུར་བློ་བཟང་གྲགས་པའི་དཔལ། །ཞེས་པ་ལྟ་བུ། གཉིས་པ་ཚིག་བསྐོར་ནི། འདྲེན་པ་ཀུན་མཆོག་ངག་དབང་རྡོ་རྗེའི་ཞབས། །མེ་མཐུན་ཚ་གདུང་སྐྱོབ་པའི་གདུགས་སུ་བྱེད།།རབ་དཀར་ལྷག་པའི་བསམ་པས་ཀུན་བསླངས་ཏེ། །ཚིག་རྒྱན་བསྟན་པ་བདག་གིས་གདུགས་སུ་བྱེད། །ཅེས་པ་ལྟ་བུ། གསུམ་པ་ཚིག་དོན་གཉིས་ཀ་བསྐོར་བ་ནི། པཎ་ཆེན་ངཎྜཱིའི་གཞུང་དོན་ཇི་བཞིན་དུ། །གོ་ལས་དྷརྨ་བྷ་དྲ་ཡིད་དགའ་བྱེད།།ཇི་ལྟར་གོ་བ་དེ་ལྟར་ལྷུག་པོ་རུ། །བཤད་པས་སྣོད་ལྡན་རྣམས་ཀྱང་ཡིད་དགའ་བྱེད། །ཅེས་པ་ལྟ་བུ། འ་འགོག་རྒྱན་ལས། དང་པོ་བྱུང་བ་འགོག་པ་ནི། རྒྱལ་བས་ཚུར་ཤོག་གསུངས་པ་ཙམ་ཉིད་ཀྱིས། །ཤཱ་རིའི་བུ་སོགས་བསྙེན་པར་རྫོགས་སྲིད་དམ། །འོན་ཏེ་སྲིད་པ་ཐ་མའི་གདུལ་བྱ་དང༌། །རྣམ་འདྲེན་བྱིན་མཐུ་བསམ་པའི་ཡུལ་ལས་འདས། །ཞེས་པ་ལྟ་བུ། གཉིས་པ་མངོན་གྱུར་འགོག་པ་ནི། འཇམ་མགོན་བླ་མའི་ཕྱག་སོར་ཨུཏྤལ་སྟེང༌། །ཡིད་འཕྲོག་གླེགས་བམ་ཁུར་གྱིས་དུད་པས་ཅི། །གདུལ་བྱའི་ཡིད་ཀྱི་རྨོངས་མུན་མ་ལུས་པ། །ཡན་ལག་དྲུག་ཅུའི་གསུང་གིས་སེལ་མིན་ནམ། །ལྟ་བུ། །གསུམ་པ་འབྱུང་འགྱུར་འགོག་པ་ནི། རྗེ་བཙུན་བླ་མས་བདག་ལ་འཆད་རྩོད་དང༌། །རྩོམ་པའི་ཤེས་རབ་ཟབ་མོ་མ་སྩལ་ན། །ཞྭ་སྲེལ་བསྟན་འདི་ཕྱིར་རྒོལ་མུ་ཅོར་གྱིས། །མིང་གི་ལྷག་མར་བྱེད་ལ་སོམ་ཉི་བྲལ། །ཞེས་པ་ལྟ་བུ། བཞི་པ་ཆོས་འགོག་པ་ནི།བརྟན་པའི་འཁོར་ལོའི་ཞལ་དཀྱིལ་མཐོང་ཙམ་གྱིས། །འཆད་རྩོད་རྩོམ་པའི་བློ་གྲོས་རྒྱས་འདི་རྫུན། །བདེན་ན་འཕྲོག་བྱེད་དགའ་བས་པཎ་ཀྱིས། །སྒྲ་ཚད་ལུང་དང་རིགས་པས་བཏུལ་དེ་ཅི། །ཞེས་པའམ། ཡང་ན། བཅུ་གཉིས་བདག་པོའི་འོད་ཀྱིས་བརྟན་གཡོའི་དངོས། །གསལ་བར་བྱེད་པའི་གཏམ་འདི་འུད་གོག་ཙམ། །བདེན་ན་ཉིན་པར་འཆི་མེད་ལམ་པོ་ཆེར། །སྐར་ཚོགས་སྣང་བར་མི་འགྱུར་འདི་ཅི་ག །ཞེས་པ་ལྟ་བུ། ལྔ་པ་ཆོས་ཅན་འགོག་པ་ནི། འཇམ་མགོན་བླ་མ་སངས་རྒྱས་ཡིན་མིན་ཞེས། །བདེན་པའི་དག་གིས་བསྙེད་པར་མི་སྤོབས་ཏེ། །དཔྱད་གསུམ་དག་པའི་གསུངས་ལས་གསང་གསུམ་གྱི།།ཕ་མཐའ་བདག་འདྲའི་བློ་ཡི་ཡུལ་མིན་ཕྱིར། །ཞེས་པའམ། ཡང་ན། དྲང་སྲོང་ཆེན་པོ་རཱ་ཧུ་ལའི་ལུས་ཀྱིས། །གོ་ལའི་ཕྱེད་ལ་ཁྱབ་དང་མ་ཁྱབ་ཅེས།།བརྗོད་པར་དཀའ་སྟེ་མགོ་དང་མཇུག་མའི་ཆས། །ཟླ་ཉི་སྒྲིབ་པ་ཙམ་ལས་མ་མཐོང་ཕྱིར། །ཞེས་པ་ལྟ་བུ། །དྲུག་པ་རྒྱུ་འགོག་པ་ནི། ཉིན་རེ་བཞིན་དུ་ནད་ཀྱི་གདུང་བ་ འཕེལ། །སྨན་དཔྱད་མོ་བོན་རིམ་གྲོས་ཕན་བསྐྱེད་མེད། །གཉེན་བཤེས་མཆི་མས་བརྣངས་པས་མཐའ་སྐོར་ཀྱང༌། །སྡིག་མེད་སྐྱེ་བོ་དག་ནི་འཇིགས་མི་འགྱུར། །ཞེས་པ་ལྟ་བུ། བདུན་པ་འབྲས་བུ་འགོག་པ་ནི། །ཚེ་ལ་སྣོན་མེད་རྟག་ཏུ་མཛད་པ་དང༌། །རྒན་གཞོན་བར་མའི་གོ་རིམ་མ་ངེས་པར། །འཇིག་རྟེན་ཕྱི་མའི་གནས་སུ་འགྲོ་མཐོང་ཡང༌། །ད་དུང་འཆི་བ་མི་དྲན་འདི་ཅི་ལག །ཅེས་པ་ལྟ་བུ། །བརྒྱད་པ་རྗེས་གནང་གི་འགོག་པ་ནི། ཡིད་གཅུགས་མཛའ་བོ་དམ་པའི་ལྷ་ཆོས་ལ༑ ༑དགྱེས་ན་ཚངས་སྤྱོད་བསླབ་གཞི་འཕྲལ་དུ་བཞེས། །གྲོགས་མེད་མ་བདག་མགྱོགས་འགྲོའི་ཁ་ནད་ལས། །བབས་པའི་དལ་འགྲོའི་གཏིང་དུ་ལྕེབ་ལ་རིང༌། །ཞེས་པ་ལྟ་བུ། དགུ་པ་དབང་གིས་འགོག་པ་ནི། གྲོགས་ཁྱོད་དམ་པའི་ཆོས་ཀྱི་སྒོར་ཞུགས་ན། །རང་གཞན་གཏན་གྱི་མདུན་མ་ཀུན་འགྲུབ་ཅིང༌།།རྒྱལ་བསྟན་མཛེས་པའི་རྒྱན་དུའང་འགྱུར་མོད་ཀྱི། །བདག་སེམས་བསྲུང་ཕྱིར་ཁྱིམ་གྱི་གནས་འདིར་བཞུགས། །ཞེས་པ་ལྟ་བུ། བཅུ་པ་མ་གུས་པས་འགོགཔ་ནི༑ བདག་ནི་ཞྭ་སེར་བསྟན་ལ་མཆོག་ཏུ་གུས། །དེ་ལས་ཕྱི་རོལ་གྱུར་ལ་ཡི་མ་རང༌། །གྲོགས་ཁྱོད་གྲུབ་མཐའ་གང་གི་སྒོར་འཇུག་ཀྱང༌། །རང་གི་གཤིས་ལུགས་གསོང་པོར་སྨྲ་བར་ཟད། །ཅེས་པ་ལྟ་བུ། འ་སྲིད་པ་ཅན་གྱི་རྒྱན་ལ་གསུམ་པས། ཡོངས་གྲགས་ཀྱི་རྒྱུ་བཀག་ནས། དང་པོ་ཕྱི་དུས་སྟོན་པའི་སྲིད་པ་ཅན་ནི། །མ་རྒད་མ་བྱུགས་ལྷངས་བའི་འཛིན་ལ། །བཀོད་མིན་སྣ་ཚོགས་མེ་ཏོག་ཚོམ་བུ་བཀྲ། མ་བོས་དུ་འདུས་པའི་ཆར་སྤྲིན་ཁྲོད། །དབྱུ་གུས་མ་བསྣུན་དབྱར་རྔ་ལྡིར་འདི་མཚར། །ཞེས་པའམ། ཡང་ན།མ་བསྐུལ་ཆུ་འཛིན་སྟུག་པོས་ཕྱོགས་ཀུན་ཁྱབ། །མ་བརྡུངས་སྤྲིན་གྱི་སྒྲ་བརྒྱ་རབ་ཏུ་སྒྲོག །མ་ཕབས་སྦྲང་ཆར་ཟགས་པས་ནོར་འཛིན་བརློན། །མ་བྱུགས་རི་ཀླུང་གཡུ་མདངས་ཡིད་དབང་འཕྲོག །ཅེས་པ་ལྟ་བུ། གཉིས་པ་ནང་ལང་ཚོ་སྟོན་པའི་སྲིད་པ་ཅན་ནི། མ་བཀྲུས་པར་ཡང་མགོ་སྐྱེས་དུང་མདོག་འཛིན། །པིར་གྱིས་མ་བྲིས་གཉེར་མའི་རི་མོ་འཕེལ།།མ་ཕྱུང་སོ་ཡི་འཕྲེང་བ་ཀུན་ལྷུང་ཞིང་།།རྒྱུད་ཀྱིས་མ་བཀུག་དུད་པའི་ལུས་འདིས་སྐྱོ། །ཞེས་པ་ལྟ་བུ།།ཡང་ན། ཟླ་ཞུན་མ་བྱུགས་ཞལ་དཀྱིལ་རབ་ཏུ་དཀར། །མ་བརྡུངས་ཁྱོད་གསུངས་ཚངས་སྲས་གོ་ནའི་དབྱངས། །མ་བསྡུས་རིགས་ཅན་འགྲོ་བ་ཅན་མཐའ་དག་འདུ། །མ་འཛེགས་སྤྱི་བོར་འགྱིང་བ་ཡོངས་འཛིན་རྗེ། །ཞེས་པ་ལྟ་བུ། གསུམ་པ་རང་གི་ངོ་བོ་ཙམ་སྟོན་པའི་སྲིད་པ་ཅན་ནི། མ་བོས་དབུས་གཙང་དག་པའི་ཞིང་དུ་བྱོན། །མ་བསྐུལ་ཐོས་བསམ་སྒོམ་པ་མཐར་ཕྱིན་མཛད། །དགྲ་ཟླ་མིན་ཡང་ལོག་སྨྲ་མཐའ་དགབཙམ། །རང་འདོད་བྲལ་ཡང་ཞྭ་སེར་བསྟན་སྲོལ་ཕྱེ། །ཞེས་པ་ལྟ་བུ། འ་བསྡུས་བརྗོད་ཀྱི་རྒྱན་ལ་བཞི་ལས། དང་པོ་སྤྱིའི་བསྡུས་བརྗོད་ནི། ཚངས་སྲས་ལྷ་མོའི་ཕྱག་གི་ཀོ་ནའི་དབྱངས།།འཕྲེལ་ཡུལ་དགེ་བའི་སྙན་པ་རིང་དོར་ནས། །ཁ་ཅིག་དྲི་ཟའི་བུ་མོའི་གླིང་བུ་དག །དྭགས་བས་མཉན་པ་དོན་ཆེན་ཡིན་པར་སེམས། །ཞེས་པ་ལྟ་བུ། གཉིས་པ་ཁྱད་གཞི་ཐ་དད་ལ་ཁྱད་ཆོས་མཚུངས་པའི་བསྡུས་བརྗོད་ནི། བགྲོད་པ་རྒྱུན་ཆད་མེད་པའི་ཤིང་རྟར་བརྟེན། །སྐྱོན་བྲལ་གཟི་འོད་འབུམ་ཕྲག་རབ་ཏུ་འཕྲོ། །ལུས་ཅན་ཕན་བདེ་སྐྱེད་པའི་ཉིན་བྱེད་དབང༌། །བདག་ཅག་གླིང་བཞི་རྣམས་ཀྱི་སྐལ་བར་ཐོབ། །ཅེས་པ་ལྟ་བུ། གསུམ་པ་ཁྱད་ཆོས་ཐ་དད་ཐ་དད་མིན་པ་ནི། ལྷ་ཡི་རྫིང་རིང་རིག་པས་ཆས་སྟོང་པའི་ངོས། །དབང་པོའི་གཞུ་རིས་འཁྱོག་པོ་རྣམ་པར་བཀྲ། །བསྙེན་པར་གྱུར་ཚེ་རེག་བྱ་སྟོངས་པ་ལ། །མཛེས་པའི་གོས་སུ་རེ་རྣམས་སྙིང་པོས་དབེན། །ཞེས་པ་ལྟ་བུ། གསུམ་པ་སྔོན་མེད་ཀྱི་བསྡུས་བརྗོད་ནི། བྲིད་དང་གང་བའི་རྣམ་འགྱུར་མི་ལྡན་ཞིང༌། །འཆར་ནུབ་བགྲོད་པའི་མྱུར་བུལ་མི་སྟོན་པའི། །རྟག་ཏུ་ཉ་གང་གཉིས་སྐྱེས་དབང་པོ་འདི། །ཀུ་ནའི་ཚལ་ཡངས་དག་གི་དཔལ་དུ་ཤར། །ཞེས་པ་ལྟ་བུ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པར། །དཀའ་བཞི་པ་ཞེས་གྲགས་ཀྱང་དེ་མ་ཡིན། །སྟོང་ཕྲག་དཀའ་གནས་ཞིབ་མོར་ལེགས་སྦྱངས་པའི། །མཁས་པའི་གོ་འཕངས་མཆོག་ཏུ་གཤེགས་པ་ལགས། །ཞེས་པ་ནི་ཆོས་ལ་བསྙོན་པའོ། ། ཞེས་པ་འདི་རྣམས་བདག་ཅག་རྣམས་ལ་བཀའ་དྲིན་མཚུངས་པ་མེད་པའི་མཁས་གྲུབ་ཆེན་པོ་རྗེ་བཙུན་དངུལ་ཆུ་བ་དྷརྨ་བྷ་དྲ་དཔལ་བཟང་པོའི་ཞལ་སྔ་ནས། སྙན་ངག་མེ་ལོང་གི་ལེའུ་གཉིས་པའི་ཟབ་ཁྲིད་ལན་ཁ་ཡར་སྔ་ཕྱིར་སྩལ་བའི་སྐབས་དཔེར་བརྗོད་གསར་རྩོམ་མཛད་པ་རྣམས་བཀའ་འཕངས་པ་རྗེ་དྲུང་ཨ་ཡུར་སུ་དྷཱིཿས་རང་གཞན་ལ་ཕན་པའི་བློས་ཁུ་བསྡུས་ཀྱིས་ཅི་རྙེད་ཕྱོགས་གཅིག་ཏུ་བཀོད་པ་དགེ་ལེགས་འཕེལ།། །།