Jump to content

ཀུན་ཏུ་རྒྱུ་བ་

ཡོང་ཁུངས་Wikipedia

ཀུན་ཏུ་རྒྱུ་བ་ཞེས་པ་ནི་མུ་སྟེགས་ཀྱི་གྲུབ་མཐའ་པ་ཞིག་གི་མིང་ཞུགས་ཏེ། དེ་ཡང་རང་གི་གཞུང་ན་བདག་ཡོད་པར་འདོད་པ་སོགས་དམིགས་པ་ཅན་གྱི་ལྟ་བ་དེ་ལ་ནན་ཏན་ཇི་ལྟར་བྱས་ཀྱང་འཆིང་བ་མཐའ་དག་ལས་གྲོལ་བའི་རྒྱུ་མི་བྱེད་པར་རང་ཉིད་ཀྱི་རྣམ་པར་དཔྱོད་པའི་ཤེས་པ་ཡིས་མཐོང་ནས། ཕྱིས་སངས་རྒྱས་ཀྱི་བསྟན་པ་འདི་ལ་ཞུགས་ནས་ཤེས་རབ་དམིགས་པ་མེད་པའི་ལམ་དེ་ལ་བརྟེན་ནས་ཐར་པ་འཐོབ་པའི་སྐྱེས་བུ་ཞིག་ལ་གོ་དགོས། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་ལམ་གྱི་སྐབས་སུ་དཔེར་དྲངས་པ་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

ཀུན་ཏུ་རྒྱུ་བ་ཞེས་པའི་སྒྲ་ནི་ཐམས་ཅད་ཀྱི་ས་ཁྱོན་དུ་འགྲོ་བ་ཞེས་པའི་དོན་ལ། འདི་ལ་ལ་ནི་ཕྲེང་ཅན་ཞེས་ཀྱང་གྲགས། "དཔེ་ཇི་ལྟར་ན་མུ་སྟེགས་ཀུན་ཏུ་རྒྱུ་བ་བཟོ་སྦྱངས་ཞེས་པའམ་ཁ་ཅིག་ཏུ་ཕྲེང་ཅན་ཞེས་གྲགས་པ་དེས་"[]ཞེས་གསུངས་པ་ལྟར།

ངེས་ཚིག

[རྩོམ་སྒྲིག]

དེ་ཡང་"གཟོ་སྦྱངས་ཞེས་བྱ་བ་ནི་མུ་སྟེགས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་ཕྱིར་ཀུན་ཏུ་རྒྱུ་སྟེ།"[] ཞེས་གསུངས་པ་ལྟར་ན། ཀུན་ཏུ་རྒྱུ་བ་ཞེས་པའི་མིང་འདི་ནི་མུ་སྟེགས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་ཕྱིར་དུ་བཏགས་པ་ཡིན།

དཔེའི་སྤྱོད་ཚུལ།

[རྩོམ་སྒྲིག]

དཔེར་བཀོད་པའི་ཚུལ་ནི། "ཇི་ལྟར་ཏེ་དཔེར་ན་མུ་སྟེགས་ཀུན་ཏུ་རྒྱུ་བ་ཕྲེང་ཅན་དེས་བདག་ཏུ་ལྟ་ཞིང་རང་གི་ལམ་ཙམ་གྱིས་མི་གྲོལ་བར་ཤེས་པ་ཡི་སྒོ་ནས། ཕྱིས་བསྟན་པ་འདི་ལ་ཞུགས་ནས་"[]ཞེས་གསུངས་པ་ལྟར། ཀུན་ཏུ་རྒྱུ་བ་འདི་ནི་ཐོག་མར་རང་གི་མུ་སྟེགས་ཀྱི་གྲུབ་མཐའ་དེས་གྲོལ་བ་མི་འབྱུང་བར་རང་ཉིད་ཀྱིས་ཤེས་ནས། དེའི་རྗེས་སུ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཞིག་ཡིན།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་ལམ་དུ་དཔེར་བརྗོད་པ།

[རྩོམ་སྒྲིག]

སྦྱོར་ལམ་དྲོད་ཀྱི་སྐབས་སུ། "ཀུན་ཏུ་རྒྱུ་བ་བཟོ་སྦྱངས་ཤེས་པ་ཡིས། སྔར་འདོད་པའི་འདོད་ཆགས་དང་བྲལ་ཡང། དྲི་བཅས་ཀྱི་ཐར་པ་མ་ཐོབ་པ་ལ་སྟོང་ཉིད་བཤད་པའི་བློས། དམིགས་མེད་"[]ཅེས་དང།

སྦྱོར་ལམ་རྩེ་མོའི་སྐབས་སུ། "དེས་རང་གི་བསྟན་པའི་རྒྱུ་མཚན་གྱིས་གྲོལ་བར་མི་རིགས་པར་ངེས་པར་ཤེས་པས་ཕྱིས་བསྟན་པ་འདི་ལ་ཞུགས་ནས་རྟོགས་པའི་རང་བཞིན་ཤེས་པ་ཙམ་དམིགས་པ་རྣལ་འབྱོར་སྤྱོད་པ་ལས་ཡོངས་སུ་བརྟགས་པ་དང། ཕྱི་རོལ་དུ་གྱུར་པའི་གཟུགས་ལ་སོགས་པའི་ཕུང་པོ་མདོ་སྡེ་པས་རྣམ་པར་གཞག་པ་ལས་གཅིག་དང་དུ་མ་དང་བྲལ་བ་ལས་རྣམ་པར་བཤིག་ནས་དམིགས་པ་མེད་པར་བརྟགས་ཏེ།"[] ཞེས་གསུངས།

རྟགས་མཚན།

[རྩོམ་སྒྲིག]

ཀུན་ཏུ་རྒྱུ་བ་འདི་དག་གི་རྟགས་མཚན་ནི། "ཁོ་རང་གི་གཞུང་ན་བདག་ཡོད་པར་འདོད་པ་སོགས་དམིགས་པ་ཅན་གྱི་ལྟ་བ་དེ་ལ་ནན་ཏན་ཇི་ལྟར་བྱས་ཀྱང་འཆིང་བ་མཐའ་དག་ལས་གྲོལ་བའི་རྒྱུ་མི་བྱེད་པར་རང་ཉིད་ཀྱི་རྣམ་པར་དཔྱོད་པའི་ཤེས་པ་ཡིས་མཐོང་ནས། སྟོན་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་འོང་ནས་ཐར་པའི་ལམ་དྲིས་པ་ན། སྟོན་པས་བདག་མེད་པའི་ཆོས་བསྟན་པ་ལ་ལྷག་པར་ཡིད་ཆེས་ནས་"[]ཞེས་གསུངས་པ་ལྟར། རང་གི་མུ་སྟེགས་ཀྱི་ལམ་གྱིས་གྲོལ་བ་མེད་པར་རང་ཉིད་ཀྱིས་ཤེས་ནས་སངས་རྒྱས་ཀྱི་བསྟན་པ་ལ་འདུས་པ་ཞིག་ཡིན་ནོ། །

འབྲས་བུ།

[རྩོམ་སྒྲིག]

དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བརྟེན་ནས། "བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཆོས་རྣམས་དམིགས་སུ་མེད་པར་ཤེས་པ་དེ་ནི་ཞི་བ་ཕྱོགས་པའི་མྱ་ངན་འདས་པ་ལ་མི་རེག་ཅིང་བྱང་སེམས་དེ་ནི་སྲིད་ཞི་མཉམ་པ་ཉིད་ཀྱི་ཤེས་རབ་ཟབ་མོ་ལ་གནས་པར་འགྱུར་རོ། །"[]ཞེས་གསུངས་པ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་གོ་འཕང་ཐོབ་པར་འགྱུར་རོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་གྲངས། ༧b-༨a
  2. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་གྲངས། ༡༩
  3. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་གྲངས། ༦a
  4. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་གྲངས། ༢༠
  5. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་གྲངས། ༡༩
  6. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་གྲངས། ༨a
  7. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་གྲངས། ༨a