ཀུན་ཏུ་རྒྱུ་
ནང་པ་སངས་རྒྱས་པའི་ཆོས་ལུགས་རྒྱ་གར་དུ་མ་བྱུང་གོང་གི་གནའ་རབས་ཆོས་ལུགས་ཀྱི་ལྟ་བ་སྣ་ཚོགས་པ་དྲུག་ཅུ་ལྷག་ཙམ་དང་། ཚུར་བསྡུས་ན་རྟག་པར་སྨྲ་བའི་རྟོག་གེ་སྡེ་ལྔ། (གྲངས་ཅན་པ། ཕུར་བུ་པ། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་པ)བཅས་དང་། ཆད་པར་སྨྲ་བ་གཅིག(རྒྱང་ཕན་པ)སྟེ་རྟོག་གེ་སྡེ་དྲུག་ཏུ་འདུས་པ་ཡིན་ཅིང་། དེ་དག་སོ་སོའི་སྟོན་པ་དང་། ལྟ་ཚུལ་བཅས་རང་རང་གི་མིང་གི་སྐབས་སུ་འགྲེལ་བཤད་མདོར་བསྡུས་བཀོད་པ་ལ་གཟིགས། ཀུན་ཏུ་རྒྱུ་མོས་སྐུར་བ་བཏབ་པ། འདི་ནི《སྐྱེས་རབས་དཔག་བསམ་འཁྲི་ཤིང》ཡལ་འདབ་ལྔ་བཅུ་པ་ལས་བཅུ་སྤྱད་པ་ཞེས་པ་དེའི་ནང་གསེས། མུ་སྟེགས་པའི་བུད་མེད་ཅིག་གིས་རང་གི་ལྟོ་བ་ལ་ཟངས་གཞོང་བཀབ་ནས་དེའི་སྟེང་དུ་གོས་ཀྱིས་དཀྲིས་ཏེ་སངས་རྒྱས་བཅོམ་ལྡན་འདས་འཁོར་མང་པོ་ལ་ཆོས་གསུངས་བཞིན་པའི་མདུན་དུ་འོང་ནས། ཁྱེད་ཀྱིས་ངའི་ལུས་ལ་བཟོས་པའི་ཕྲུ་གུ་འདི་བདག་པོ་གྱིས་ཤིག་ཅེས་ཞུས་པར་གནས་སྐབས་རིང་ཅང་མི་གསུང་བར་བཞུགས་ཤིང་། སྐབས་དེར་བྱི་བ་ཞིག་གིས་བུད་མེད་དེའི་རྐེད་པར་བཅིངས་པའི་སྐེད་རགས་ལ་སོ་བརྒྱབ་ནས་ཆད་པ་དང་ཆབས་ཅིག་མོའི་ལྟོ་བར་བཅིངས་པའི་གཞོང་བ་ས་ལ་ལྷུང་ནས་ཐམས་ཅད་ཀྱིས་མཐོང་བ་སོགས་བྱུང་བའི་གནས་ཚུལ་འཁོད་པ་དེ་ཡིན། ཞིབ་པར་གོང་གསལ་གྱི་ལེའུ་དེར་གཟིགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།