Jump to content

ཀུན་ཏུ་ཡི་མུག་གྱུར་

ཡོང་ཁུངས་Wikipedia

ནང་དོན།

[རྩོམ་སྒྲིག]

ཀུན་ཏུ་ཡི་མུག་གྱུར་ཞེས་པ་ནི་སྤྱོད་འཇུག་གི་ནང་དུ་དམྱལ་བའི་སྡུག་བསྔལ་ཞིབ་འཇུག་གི་སྐབས་སུ་བཤད་པའི་ཐ་སྙད་གལ་ཆེན་ཞིག་ཡིན། འདི་ནི་སྡིག་པ་ཆེན་པོ་བསགས་པའི་སེམས་ཅན་རྣམས་ཀྱིས་དམྱལ་བའི་གནས་སུ་སྐྱེས་ནས་སྐྱབས་མེད་ཅིང་སེམས་ཤིན་ཏུ་གདུང་བའི་གནས་སྟངས་ལ་གོ །དམྱལ་བའི་སེམས་ཅན་རྣམས་ཀྱིས་མགོན་སྐྱབས་འཚོལ་སྐབས་ཕྱོགས་བཞི་རུ་བལྟས་ཀྱང་སྐྱབས་པར་ནུས་པའི་སྐྱབས་གཅིག་ཀྱང་མ་མཐོང་བས་སེམས་པ་ཀུན་ནས་ཞུམ་པ་དང་ཡིད་གདུང་ཤིང་མུག་པར་འགྱུར་བ་ལ་ཟེར།

སྒྲ་བཤད།

[རྩོམ་སྒྲིག]

ཀུན་ཏུ་ཞེས་པ་ནི་ཐམས་ཅད་ཀྱི་ཕྱོགས་སུ་ཞེས་པའི་དོན་ཏེ། གང་དུ་ཡང་ཞེས་པའི་ཚིག་དོན་ཡིན། ཡི་མུག་ཅེས་པ་ནི་སེམས་ནུབ་ཅིང་གདུང་བ་སྟེ། སེམས་ཐག་ཆོད་དེ་བསམ་བློ་མེད་པར་འགྱུར་བ་ལ་ཟེར། གྱུར་ཅེས་པ་ནི་འགྱུར་བ་སྟེ། དེ་ལྟ་བུར་གྱུར་པ་ཞེས་པའི་དོན།

ཁྱད་ཆོས།

[རྩོམ་སྒྲིག]

ཕྱོགས་བཞིར་སྐྱབས་མེད། ཚུལ་འདི་ནི་ཀུན་ཏུ་ཡི་མུག་གྱུར་གྱི་གཙོ་རྐྱེན་ཡིན། "དེ་ལྟར་ཕྱོགས་བཞིར་སྐྱབས་བཙལ་ཡང་བསོད་ནམས་མ་བསགས་ཤིང་སྡིག་པ་མི་དགེ་བའི་ལས་ཚབས་ཆེན་བསགས་པ་དག་ཡིན་ན་དེའི་ཚེ་སྐྱབས་གནས་སུ་ཡང་མེད་པར་མཐོང་ནས་ནི་དེ་ནས་སླར་ཡང་དེ་བས་ཀྱང་རྣམ་པ་ཀུན་ཏུ་སེམས་ཞུམ་ཞིང་ཡི་མུག་པར་འགྱུར་རོ། །"[]ཞེས་གསུངས་པ་ལྟར། "དེ་ལྟར་བཙལ་ཡང་ཕྱོགས་བཞིར་སྐྱབས་མེད་པར་མཐོང་ནས་ནི་དེ་ནས་སླར་ཡང་ཀུན་ཏུ་ཡིད་མུག་འགྱུར་རོ། །"[]ཞེས་དང་། "དེ་ལྟ་ན་ཡང་གང་གི་ཚེ་གང་དུ་ཡང་སྐྱབས་མ་མཐོང་ནས་དེའི་ཚེ་སླར་ཡང་སྐྱབས་མེད་པས་ཀུན་ཏུ་ཡི་མུག་འགྱུར་རོ། །"[]ཞེས་གསུངས་པ་ལྟར། ཕྱོགས་བཞིར་སྐྱབས་ཚོལ་བ་ན་གང་དུ་ཡང་སྐྱབས་མ་མཐོང་བའི་རྐྱེན་གྱིས་སེམས་ཀུན་ཏུ་ཞུམ་པར་འགྱུར་རོ། །བྱ་བ་ཐམས་ཅད་ལ་ནུས་པ་མེད། ཅེས་པ་ནི་ཀུན་ཏུ་ཡི་མུག་གྱུར་གྱི་ཁྱད་ཆོས་གཞན་ཞིག་ཡིན། "དེའི་ཚེ་བདག་གིས་ཇི་ལྟར་བྱ་སྟེ་བྱ་བ་ཐམས་ཅད་ལ་ནུས་པ་མེད་པས་བཟློག་ཐབས་སོགས་ཀྱི་ཐབས་ཀྱིས་ཀྱང་བྱེད་རྒྱུ་མེད་"[]ཅེས་བཤད། འགྱོད་ཀྱང་བཅོས་ཐབས་མེད།ཅེས་པ་ནི་ "འགྱོད་ཀྱང་བཅོས་ཐབས་གཏན་ནས་མེད་"[]ཅེས་པ་ལྟར་འགྱོད་སེམས་སྐྱེས་ཀྱང་དེ་ལ་གསོ་ཐབས་གང་ཡང་མེད་པ་ཞིག་ཡིན།

མཚོན་བྱེད་ཀྱི་དཔེ།

[རྩོམ་སྒྲིག]

འཆི་བའི་དུས་ཀྱི་དཔེ། ཟུང་གི་མདོ་ལས་ཀྱང་། "སྨན་གྱི་སྡེ་སེམས་ཅན་གང་དག་འཆི་བའི་དུས་ཀྱི་ཚེ་ད་ལྟར་སྨྲེ་སྔགས་འདོན་ཀྱང་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མ་གཏོགས་པ་དེ་དག་གི་སྐྱོབ་པར་འགྱུར་བ་སུ་གང་ཡང་མེད་དོ། །"ཞེས་གསུངས་པ་ལྟར་རོ། །གཤིན་རྗེའི་ཕོ་ཉས་བསྐོར་བའི་དཔེ། "གཤིན་རྗེའི་ཕོ་ཉ་ཤིན་ཏུ་འཇིགས་པས་བསྐོར། བྱེད་ཤ་ཐོན་ནས་ཀུན་ཏུ་བལྟས་བྱས་ཀྱང་། མགོན་སྐྱབས་བྱེད་པ་སུ་ཡང་མ་མཐོང་སྟེ། ཤིན་ཏུ་འཇིགས་བཞིན་ཀུན་ཏུ་ཡི་མུག་སྟེ། བདག་ཉིད་གར་འགྲོ་གཏོལ་མེད་བར་དོ་འབྱུང་།"[] ཞེས་རྒྱལ་པོ་ལ་གདམས་པ་ལས་གསུངས། མི་ལུས་ཐོབ་པའི་དཔེ། "སྐྱེ་དཀའ་བ་ལྷོ་རྒྱལ་འཛམ་བུ་གླིང་དུ་སྐྱེས། ཐོབ་དཀའ་བའི་དལ་འབྱོར་གྱི་མི་ལུས་ཐོབ། མཇལ་བར་དཀའ་བའི་བླ་མ་དམ་པ་དང་མཇལ། འཕྲད་པར་དཀའ་བའི་དམ་པའི་ཆོས་དང་འཕྲད་དེ་བླང་དོར་གྱི་གནས་ཅུང་ཟད་ཤེས་པར་གྱུར་ཀྱང་། ཀྱེ་མ་ཀྱེ་ཧུད་ལས་ངན་སྐལ་ཆད་པོ་བདག་གིས་དགེ་བ་ནི་མ་འགྲུབ། སྡིག་པ་ནི་རྒྱ་ཆེན་པོ་བྱས།"[] ཞེས་བཤད།

གདམས་པ།

[རྩོམ་སྒྲིག]

ད་ལྟ་ཉིད་ནས་བག་ཟོན། "དེས་ན་ད་ལྟ་ནས་བག་ཟོན་བགྱིས་ཏེ་འཇིགས་པ་དང་འབྲལ་བའི་རྒྱུ་ཁྱད་པར་ཅན་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་སོགས་དགེ་བའི་ལས་ལ་འབད་པར་བྱ་དགོས་སོ་སྙམ་པའི་དམ་བཅའ་དང་དངོས་སུ་སྡིག་སྤོང་དགེ་སྒྲུབ་ལའང་འཇུག་པར་བྱ་དགོས་སོ། །"[]ཞེས་པ་ལྟར་ད་ལྟ་ནས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་དགེ་བའི་ལས་ལ་འབད་པར་བྱ། དམྱལ་བར་སྐྱེས་ནས་ཕན་མེད། "དམྱལ་བར་སྐྱེས་ནས་དམྱལ་སྲུང་རྣམས་མཐོང་བའི་ཚེ་ཀྱི་ཧུད་སྐྱེས་བུ་སུ་ཞིག་གིས་འཇིགས་པ་ཆེན་པོ་འདི་ལས་བདག་ལེགས་པར་སྐྱོབ་པར་བྱེད་པར་འགྱུར་ཞེས་ཤིན་ཏུ་སྐྲག་ཅིང་བྲེད་ཤ་ཐོན་པའི་མིག་བགྲད་ནས་ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད་ལ་དེ་ལྟར་བཙལ་ཡང་ཕྱོགས་བཞིར་སྐྱབས་མེད་པར་མཐོང་ནས་ནི་དེ་ནས་ཀུན་ཏུ་ཡི་མུག་འགྱུར་"[]ཞེས་གསུངས་སོ། །

བསྡུས་དོན།

[རྩོམ་སྒྲིག]

ཀུན་ཏུ་ཡི་མུག་གྱུར་ཞེས་པ་ནི་སྡིག་པ་ཆེན་པོ་བསགས་པའི་སེམས་ཅན་རྣམས་ཀྱིས་དམྱལ་བའི་གནས་སུ་སྐྱེས་ནས་སྐྱབས་ཚོལ་ཡང་གང་དུ་ཡང་སྐྱབས་མ་རྙེད་པས་སེམས་ཀུན་ནས་ཞུམ་ཅིང་ཡིད་གདུང་ཤིང་མུག་པར་འགྱུར་བ་ལ་ཟེར། འདི་ལ་ཞི་བའི་ཐབས་གང་ཡང་མེད་པས་སྡིག་པ་སྤོང་ཞིང་དགེ་བ་བསགས་པའི་སྒོ་ནས་ད་ལྟ་ཉིད་ནས་འཇིགས་པ་དང་འབྲལ་བར་བྱེད་དགོས་པར་གདམས་པ་གནང་།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  3. ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  8. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  9. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།