Jump to content

ཀིརྟི་བྱེས་པ་གྲྭ་ཚང་

ཡོང་ཁུངས་Wikipedia

ཀིརྟིའི་བྱེས་པ་གྲྭ་ཚང་ནི་རྒྱ་གར་འཕགས་པའི་ཡུལ་དུ་བཙུགས་པའི་བོད་ཀྱི་ནང་བསྟན་མཁས་པའི་བསྟི་གནས་གལ་ཆེན་ཞིག་ཡིན།


༡. བྱུང་རིམ།

ཕྱི་ལོ་ ༡༩༨༨ ལོའི་ཟླ་ ༤ ཚེས་ ༡ ཉིན་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་གཞི་བཞེངས་གནང་བ་ནས་བཟུང་། གྲྭ་ཚང་འདི་ཉིད་བོད་མདོ་སྨད་རྔ་པ་དང་། མཛོད་དགེ ཐེ་བོ་སོགས་ཀྱི་ཀིརྟིའི་དགོན་མ་ལག་མང་པོ་ནས་བཙན་བྱོལ་དུ་ཕེབས་འབྱོར་བླ་གྲྭ་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་གཉེར་བྱེད་ཡུལ་གྱི་བསྟི་གནས་ཤིག་ཏུ་གྱུར་ཡོད། ཕྱི་ལོ་ ༡༩༩༢ ལོར་གྲྭ་ཚང་འདིར་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གསར་འཛུགས་མཛད།

༢. ཤེས་ཡོན་གྱི་སྒྲིག་གཞི།

ཀིརྟི་བྱེས་པ་གྲྭ་ཚང་གི་ཤེས་ཡོན་ལམ་ལུགས་ནི་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་དཔེ་མཚོན་ལྟ་བུ་ཞིག་ཡིན།

བོད་ཀྱི་རིག་གནས་དང་ནང་བསྟན་མཐོ་རིམ་སློབ་གཉེར་ཁང་།: ཐོག་མར་ལོ་ཉི་ཤུ་ཙམ་གྱི་རིང་བོད་ཀྱི་ཐུན་མོང་རིག་གནས་ཆེ་ཆུང་ཁག་ལ་གཙོ་བོར་སྦྱང་དགོས་པའི་སྒྲིག་གཞིའི་འོག མཐོ་རིམ་རིག་གནས་རབ་འབྱམས་པ་ ༨༠ ཡས་མས་སློབ་མཐར་ཕྱིན། དེ་རྗེས་ནང་དོན་རིག་པའི་གཞུང་ཆེན་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་ལ་གཙོ་བོར་སྦྱང་དགོས་པའི་སྒྲིག་སྲོལ་གཏན་འབེབབས་ཀྱིས། ད་ལྟའི་ཆར་འདིར་ལོ་ངོ་ ༣༠ ཙམ་གྱི་རིང་ལ་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྒྱུད་སྡེ་བཞི་ལ་སློབ་གཉེར་གནང་དགོས། སློབ་གཉེར་མཐར་ཕྱིན་པ་རྣམས་ལ་མདོ་དང་སྔགས་ཀྱི་རབ་འབྱམས་པའི་ཕྱག་འཁྱེར་གནང་གི་ཡོད།

གཞི་རིམ་སློབ་གྲྭ།: གྲྭ་གཞོན་རྣམས་ལ་གཞུང་ཆེན་སློབ་གཉེར་གྱི་སྔོན་དུ་བོད་ཡིག་གཞི་རིམ་ནས་སུམ་རྟགས་དག་གསུམ། སྙན་ངག ལོ་རྒྱུས། རྩིས་རིག་སོགས་སློབ་ཁྲིད་གནང་བཞིན་ཡོད།

ཞིབ་འཇུག་སྡེ་ཚན།: དགེ་བཤེས་དང་མཁས་པ་རྣམས་ཀྱིས་ནང་དོན་རིག་པ་དང་། ལོ་རྒྱུས། སྐད་ཡིག་སོགས་ལ་ཞིབ་འཇུག་གིས་དཔྱད་རྩོམ་གང་མང་འདོན་སྤེལ་གནང་བཞིན་ཡོད།

༣. སློབ་ཚན།

གྲྭ་ཚང་འདིའི་ནང་གཙོ་བོ་གཞུང་ཆེན་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་ལ་སློབ་གཉེར་གནང་གི་ཡོད་པ་མ་ཟད། དེང་དུས་ཀྱི་ཤེས་བྱ་དང་འབྲེལ་བའི་སློབ་ཚན་ཁག་ཀྱང་ཡོད།

ནང་རིག་པ།: ཚད་མ། ཕར་ཕྱིན། དབུ་མ། མཛོད། འདུལ་བ། སྔགས་ཀྱི་སྐོར།

རིག་གནས།: བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད། ལོ་རྒྱུས། སྙན་ངག དབྱིན་ཇིའི་སྐད་ཡིག ཀམ་པུ་ཊར་སོགས།

༤. དཔེ་སྐྲུན་དང་རིག་གཞུང་ལས་དོན།

གྲྭ་ཚང་འདིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་སྔོན་བྱོན་མཁས་པའི་གསུང་རྩོམ་ཧ་ཅང་མང་པོ་དག་སྒྲིག་དང་། དེ་བཞིན་ཕྱག་དེབ་མང་པོ་གསར་རྩོམ་གྱིས་པར་སྐྲུན་འགྲེམས་སྤེལ་རྒྱ་ཆེ་གནང་གི་ཡོད།

དཔེ་སྐྲུན།: ཀིརྟིའི་བྱེས་པ་གྲྭ་ཚང་ནས་ད་བར་བོད་ཀྱི་ལོ་རྒྱུས་དང་། བརྡ་སྤྲོད། ནང་དོན་རིག་པའི་གསུང་རབ་དཀོན་པོ། དུས་དེབ་སོགས་དེབ་ཕྲེང་བརྒྱ་ཕྲག་གཉིས་ལྷག་པར་སྐྲུན་འགྲེམས་སྤེལ་གནང་ཡོད།

དྲ་རྒྱའི་ལས་གཞི།: "ཀིརྟིའི་བྱེས་པ་གྲྭ་ཚང་གི་དྲ་རྒྱ་" བརྒྱུད་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་དང་། ཆོས་ལུགས་ཀྱི་ཤེས་བྱ་རྣམས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་གནང་གི་ཡོད།

༥. བོད་ནང་གི་གནས་བབ།

ཀིརྟིའི་བྱེས་པ་གྲྭ་ཚང་ནི་བོད་ནང་གི་ཀིརྟིའི་དགོན་པ་ཁག་དང་འབྲེལ་ཡོད་ལྷ་སྡེ་སོགས་མདོ་སྨད་ཁུལ་ལ་ཐད་ཀར་འབྲེལ་བ་ཡོད་པས། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་ནས་བཟུང་བོད་ནང་གི་གནས་ཚུལ་ཛ་དྲག་ཁག་ཕྱི་ཕྱོགས་སུ་མཚམས་སྦྱོར་བྱེད་པའི་ཟམ་པ་ལྟ་བུ་ཆགས་ཡོད། ལྷག་པར་དུ་རྔ་པ་ཁུལ་གྱི་གནས་ཚུལ་མཁོ་འདོན་བྱེད་པར་ནུས་པ་ཆེན་པོ་ཐོན་ཡོད།

༦. གལ་གནད་དང་བྱེད་སྒོ།

ཀིརྟིའི་བྱེས་པ་གྲྭ་ཚང་གིས་ད་ལྟའི་ཆར་"ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་(ནང་བསྟན་)སློབ་གཉེར་ཁང་"གཉེར་བཞིན་ཡོད་པ་དང་། དེ་ནས་བོད་ཀྱི་རིག་གནས་དང་ཆོས་ལུགས་ལ་ཚད་མཐོའི་ཤེས་ཡོན་ལྡན་པའི་མི་སྣ་མང་པོ་ཞིག་ཐོན་བཞིན་ཡོད། དེ་དང་ཆབས་ཅིག་བོད་ནང་གི་དངོས་ཡོད་གནས་ཚུལ་འཛམ་གླིང་མི་མང་ལ་མཚམས་སྦྱོར་བྱེད་པའི་ལས་འགན་ཡང་གལ་ཆེན་ཞིག་བཞེས་ཀྱི་ཡོད།