ཀི་ཟི་ལྷ་ཆེན་
བར་ཁམས་སྟོང་འཁོར་ཡུལ་གྱི་འབུམ་མདོ་གྲོང་གི་གཞི་བདག་ཅིག སྐུ་མདོག་དམར་པོ་ཕྱག་གཡས་པས་བཙན་མདུང་འཕྱར་ཞིང་། གཡོན་པས་དགོས་འདོད་ནོར་བུ་ཐུགས་ཀར་འཛིན་པ། རྟ་ནག་ལ་ཆིབས་པ། ཞལ་ཁྲོ་འཛུམ་དང་ལྡན་པ། གཡུ་ཁྲ་གསེར་གྱི་གོས་ལ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་འཁོར་གསུམ་སྐེད་དུ་བཅིངས་པ། འཁོར་དུ་བྲག་དམར་བཙན་རྒོད་དང་། བྲག་གེ་ཆུ་མིག བདུད་རྒོད་སྦ་མགོ་སོགས་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར་བ་ཞིག་ཡིན་པ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་ལྔ་པས་མཛད་པའི་ཀི་བསོ་ལྷ་ཆེན་གྱི་བསང་ཡིག་དང་། སྟོང་འཁོར་ཞབས་དྲུང་འཇམ་དཔལ་དགེ་འདུན་རྒྱ་མཚོས་མཛད་པའི་བསང་ཆོག་གྱེར་བསྒོམ་འཇིགས་མེད་གདོང་ལྔའི་ང་རོ་སོགས་སུ་གསལ། སྟོང་འཁོར་རིག་མཛོད་རྩོམ་སྒྲིག་ཁང་ནས།
ཡིག་ཆ་ཁུངས། རྩོམ་པ་པོ། སྟོང་འཁོར་ཞབས་དྲུང་འཇམ་དཔལ་དགེ་འདུན་རྒྱ་མཚོ། (1754-1803) མཚན་བྱང་། སྟོང་འཁོར་ཞབས་དྲུང་རིམ་བྱོན་ལས་འཇམ་དཔལ་དགེ་འདུན་རྒྱ་མཚོའི་གསུང་འབུམ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། དཔར་བསྐྲུན་གནས་ཚུལ། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་། ཤོག་ངོས། 217 ཆེད་བསྒྲིགས། གངས་ཅན་རིག་བཅུད། 217