Jump to content

ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེ་

ཡོང་ཁུངས་Wikipedia

ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་མདོ་ཁམས་ཆབ་མདོའི་ཁུལ་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་ཏུ་བྱུང་བ་དང་། ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བ་མཛད། དེ་ནས་སྡེ་དགེ་ཀཿ ཐོག་དགོན་དང་དཔལ་སྤུངས་དགོན་སོགས་སུ་བཞུགས་ཏེ་ཚ་བ་ལོ་ཙཱ་སྐྱབས་མཆོག་རིན་ཆེན་ཕུན་ཚོགས་བཅས་ཀྱི་ཞབས་པད་ཡུན་རིང་དུ་བསྟེན་ནས་ཕྱི་ནང་གི་རིག་གནས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་ཁྱད་པར་དུ་གསོ་བ་རིག་པ་ལ་ཤིན་ཏུ་མཁས་པས་མདོ་ཁམས་ཀུན་ཏུ་མཛད་འཕྲིན་རྒྱས། དེ་ནས་དབུས་སུ་ཕེབས་ཏེ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས་ཤིང་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་བཀའ་ལུང་ལྟར་གསོ་རིག་གི་འཆད་ཉན་མཛད་པ་མ་ཟད་སྨན་གཞུང་ཡང་མང་དུ་བརྩམས། རབ་བྱུང་བཅོ་ལྔ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ1888ལོར་སྨན་གཞུང་དཔར་ཤིང་མང་པོར་ཞུས་དག་དང་དཔར་བྱང་སྨོན་ཚིག་མང་དུ་བརྩམས་པར་མཛད། སྐུ་ཚེའི་མཇུག་ཏུ་ལྷ་སའི་སྐྱིད་ཆུའི་ལྷོ་ངོས་གྲིབ་ཚེ་ཆོག་གླིང་དུ་བཞུགས་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་མུར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཤུག་གསེབ་ལོ་ཆེན་རིན་པོ་ཆེ་དང་། བླ་མ་ངག་དབང་། བླ་མ་འཇིགས་མེད་འཕྲིན་ལས། འཚོ་བྱེད་རྡོ་རྗེ་རྒྱལ་མཚན། བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་བཅས་ཡིན། ཁོང་གི་གསུང་རྩོམ་ནི《སྨན་སྒྲུབ་དྲང་སྲོང་དགོངས་རྒྱན》དང་། 《སྐུ་གསུམ་ཞིང་ཁམས་བགྲོད་པའི་ཐེག་སྐས》། 《བསྙེན་ཡིག་དངོས་གྲུབ་རོལ་མཚོ》། 《ལས་བཞིའི་སྦྱིན་བསྲེག》། 《རྫོགས་རིམ་ཉེ་བརྒྱུད་གསོལ་འདེབས》། 《དམ་་ཆོས་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་ཆ་ལག་ཀུ་སུ་ལུའི་ཚོགས་གསོག》། 《མདངས་བསྐངས་འོད་ཀྱི་དྲུ་བ》《གསོལ་ཁ་མྱུར་མགྱོགས་སྲོག་གི་སྤུ་གྲི》བཅས་བཞུགས་སོ། །