Jump to content

ཀརྨ་ཕུན་ཚོགས་རྣམ་རྒྱལ་

ཡོང་ཁུངས་Wikipedia

ཀརྨ་ཕུན་ཚོགས་རྣམ་རྒྱལ་ ཁོང་ནི་རབ་བྱུང་བཅུ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ1597ལོར་གཙང་སྟོད་དུ་ཡབ་ཀརྨ་བསྟན་སྲུང་དབང་པོའི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ1632ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་དང་དྲག་རྩལ་བཅས་ལ་མཁས་པར་སྦྱངས། དགུང་ལོ་བཅུ་བཞི་པ་རབ་བྱུང་བཅུ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་1611ལོར་གཙང་སྟོད་སྡེ་བའི་སྲིད་དབང་བཟུང་། རབ་བྱུང་བཅུ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ1612ལོ་དང་། ཆུ་མོ་གླང་ལོ་སྟེ་སྤྱི་ལོ1613ལོར་མངའ་རིས་དང་། ལྷོ་པ། བྱང་པ། དྭགས་པོ། འཕན་པོ། གཞིས་ཀ་སྣེའུ་སོགས་ལ་དམག་དྲངས་ནས་མངའ་འབངས་སུ་བཅུག་སྟེ་བོད་ཡོངས་ལ་དབང་བསྒྱུར་མཛད། གཞིས་ཀ་རྩེའི་གྲོང་ཁྱེར་གྱི་བར་དེར་བཀའ་རྙིང་གི་ཆོས་སྡེ་གསར་རྒྱག་བྱེད་པའི་མགོ་བརྩམས་ཤིང་བཀྲ་ཤིས་ལྷུན་པོའི་རྒྱབ་རི་ལས་རྡོ་བསྔོགས་འདོན་བྱས་པ་དང་བཀྲ་ཤིས་ཟིལ་གནོན་ཞེས་པའི་ཡི་གེ་ཡང་བྲིས། རབ་བྱུང་བཅུ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ1618ལོར་སོག་པོ་ཆོ་འཁུར་འགྲུལ་པས་ཀརྨ་པའི་མཛོ་ཁྱུ་ཇག་འདེད་བྱས་པའི་རྐྱེན་གྱིས་གཙང་དམག་དབུས་སུ་དྲངས་ནས་དབུས་དམག་དང་སེ་འབྲས་གཉིས་ཀྱི་སེར་དམག་ལ་ཕམ་ཉེས་བྱུང་། རྒྱལ་དབང་སྐུ་ཕྲེང་བཞི་པའི་ཡང་སྲིད་ཁྲི་འདོན་མི་ཆོག་པར་བཀས་བཅད། འབྲུག་ཡུལ་དུ་གཙང་དམག་སྔོན་རྗེས་སུ་ཐེངས་གཉིས་ཙམ་དྲངས་ཀྱང་ས་བཙན་ཡུལ་བཟང་ཡིན་པས་ཕན་འབྲས་མ་ཐོན་བ་རེད། ཁོང་ནི་གཙང་པའི་སྡེ་སྲིད་བཞི་པ་ཡིན་ནོ། །