Jump to content

ཀརྨ་པ་དབང་ཕྱུག་རྡོ་རྗེ

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „ཀརྨ་པ་དབང་ཕྱུག་རྡོ་རྗེ་“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

དགུ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ1556ལོར་མདོ་ཁམས་ཏྲེ་སྨད་སྟག་བཟང་དུ་ཡབ་ཨ་རྡོར་དང་། ཡུམ་གླིང་བཟའ་ཨ་ལོད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ1603ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་ཡུམ་གྱིས་ནམ་མཁའ་རྒྱལ་པོ་ཞེས་བཏགས། དེ་ནས་སྐུ་གོང་མའི་ཕྱག་ཆས་སོགས་ངོས་འཛིན་གནང་བ་བཅས་མངོན་མཁྱེན་དང་རྫུ་འཕྲུལ་སྟོན་པ་སོགས་མཛད། དགུང་ལོ་བདུན་པར་རྗེ་ཞྭ་དམར་དཀོན་མཆོག་ཡན་ལག་གིས་གཙུག་ཕུད་བཞེས་ནས་མཚན་ལ་དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག་ཅེས་གསོལ། དེ་ནས་འཛམ་ཐང་དང་། ཤེལ་ཁོག ལ་མོ་རྩེ། མགོ་ལོག། ཀཾ་པོ་གནས་ནང་བཅས་ཕེབས་ནས་ཆོས་ཀྱི་འཁོར་ལོ་སྐོར། དེ་ནས་དབུས་སུ་ཕེབས་ལམ་གླིང་ཚང་གི་མགུ་ཟི་ལ་སྤྱན་འདྲེན་ཞབས་ཏོག་དང་། དྲན་ཐང་བརྒྱུད་དེ་ཀརྨར་ཕེབས། ཆབ་མདོར་ཞལ་ཐང་ལ་ཕྱག་ནས་གནང་བས་ཟུག་པ་དང་། གང་དུ་ཁྱེར་ཡང་མི་འདྲིལ་བར་བྱུང་། ལྷ་སྟེང་དང་ཟུར་མང་ཕྱོགས་སུ་ཕེབས། འབུལ་ཞབས་བསྙེན་བཀུར་མང་པོ་བྱུང་། དགུང་ལོ་བཅུ་པར་ཡངས་པ་ཅན་བརྒྱུད་དེ་མཚུར་ཕུའི་གདན་སར་ཕེབས། དགུང་ལོ་བཅུ་གཅིག་པར་རྗེ་ཞྭ་དམར་དཀོན་མཆོག་ཡན་ལག་པས་མཁན་པོ་མཛད་ནས་རབ་བྱུང་གི་སྡོམ་པ་བཞེས། སྡེ་པ་རིན་སྤུངས་པས་ངོ་མཚར་བའི་བཀོད་པ་བཤམས་ནས་སྤྱན་འདྲེན་ཞུས་པ་དང་། ཐུབ་སྐུ་ཁྱད་ཆོས་སུམ་ལྡན་དང་། དུང་དཀར་གཡས་འཁྱིལ་སོགས་འབུལ་ཆེན་མཛད། འབྲོང་བུ་དགོན་རྙིང་ཞིག་གསོ་དང་། མཚུར་ཕུའི་འདུ་ཁང་ཆེན་མོ་བསྐྱར་གསོ་མཛད། དགུང་ལོ་བཅུ་དྲུག་པར་སློབ་དཔོན་རྣམ་རྒྱལ་གྲགས་པ་ལས་ཕར་ཚད་མངོན་པ་སོགས་མདོ་ཕྱོགས་རྣམས་ལ་ལེགས་པར་གསན། སྒོ་རབ་བརྟན་གྱི་གཙུག་ལག་ཁང་དང་། ཐར་གླིང་གྲྭ་ཚང་གི་གཙུག་ལག་ཁང་སོགས་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་མཛད། དགུང་ལོ་ཉེར་བཞི་པར་རྗེ་དཀོན་མཆོག་འབངས་ཀྱིས་མཁན་པོ་མཛད་ནས་བསྙེན་པར་རྫོགས། མདོར་ན་དབུས་གཙང་ཁམས་གསུམ་གྱི་དགོན་སྡེ་བསྐྱར་བཞེངས་དང་། དབང་ཁྲིད་གདམས་ངག་གནང་བ། ཡུལ་སྡེའི་འཁོན་རྩོད་བསྡུམས་པ་སོགས་འགྲོ་དོན་མཐའ་ཡས་པ་མཛད་དོ། ཁོང་ནི་ཀརྨ་པ་སྐུ་ཕྲེང་དགུ་བ་ཡིན། ཁོང་གི་གསུང་རྩོམ་ནི《ཚད་མ་རིག་གཞུང་སྙིང་པོ》དང་། 《མངོན་པ་མཛོད་ཀྱི་འགྲེལ་བ》སོགས་པོ་ཏི་བཅུ་སྐོར་བཞུགས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྗེ་བཙུན་ཏཱ་ར་ནཱ་ཐ་དང་། སི་ཏུ་ཆོས་ཀྱི་རྒྱལ་མཚན། དཔའ་བོ་གཙུག་ལག་རྒྱ་མཚོ། ཏྲེ་ཧོ་ལྷག་བསམ་རྒྱ་མཚོ། ཟུར་མང་ཀརྨ་ལེགས་བཤད་སྒྲ་དབྱངས། ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་བཅས་ཡིན། །