Jump to content

ཀརྨ་པ་ཐེག་མཆོག་རྡོ་རྗེ

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „ཀརྨ་པ་ཐེག་མཆོག་རྡོ་རྗེ་“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

ཀརྨ་པ་ཐེག་མཆོག་རྡོ་རྗེ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ1799 ལོར་མདོ་ཁམས་ཟལ་མོ་སྒང་གི་ཟླ་ནང་དུ་ཡབ་མགོན་པོ་ལྷ་དར་དང་། ཡུམ་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ1869ལོར་སྐུ་གཤེགས། འབྲུག་ཆེན་ཆོས་ཀྱི་སྣང་བས་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ལུང་བསྟན་བཞིན་ངོས་འཛིན་མཛད་དེ་མཚན་ཡང་ཐེག་མཆོག་རྡོ་རྗེ་ཞེས་གསོལ། དེ་ནས་བསུ་བ་རྒྱ་ཆེན་པོ་མཛད་ནས་ཀརྨ་དགོན་དུ་ཕྱག་ཕེབས། སི་ཏུ་པདྨ་ཉིན་བྱེད་དབང་པོ་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཅིག་ཅར་དུ་བཞེས་ཤིང་། གསང་སྔགས་གསར་རྙིང་གི་སྨིན་གྲོལ་ཟབ་རྒྱས་རྣམས་རིམ་བཞིན་གསན་པར་མཛད། བོད་ཆེན་པོའི་ཕྱོགས་ཀྱི་སྐྱེ་འགྲོ་ཐམས་ཅད་འབྲེལ་ཚད་དོན་ལྡན་དུ་མཛད་ནས་རིམ་པར་འོག་མིན་མཚུར་ཕུར་ཕྱག་ཕེབས། འབྲུག་ཆེན་ཆོས་ཀྱི་སྣང་བ་དང་སི་ཏུ་པདྨ་ཉིན་བྱེད་དབང་པོ་གཉིས་ལས་བསྙེན་པར་རྫོགས། དགེ་བའི་བཤེས་གཉེན་མང་པོ་ལ་བསྟེན་ནས་ཕྱི་ནང་ཐུན་མོང་གི་རིག་གནས་ཐམས་ཅད་ལ་མཁྱེན་རྩལ་ཕྱོགས་མེད་དུ་རྒྱས་ཤིང་། སྡེ་སྣོད་གསུམ་ལ་འཆད་རྩོད་རྩོམ་པ་དང་། ཟབ་ལམ་རྡོ་རྗེ་ཐེག་པའི་རྣལ་འབྱོར་གྱི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད། གཙུག་ལག་ཁང་གི་ཞིག་གསོ་དང་། སྐུ་གསུང་ཐུགས་རྟེན་མང་དུ་གསར་བཞེངས་མཛད། ས་ག་ཟླ་བའི་དུས་ཆེན་ཚེས་བཞི་ལ་གསང་འདུས་དང་། རྡོ་རྗེ་ཕུར་པའི་སྒྲུབ་ཆེན་གར་འཆམ་ཆེན་མོ་གསར་འཛུགས་མཛད། མདོ་དབུས་ཁམས་གསུམ་གྱི་གནས་རི་དང་སྡེ་དགོན་ཕལ་ཆེ་ལ་ཞབས་ཀྱིས་བཅགས་ཏེ་བསྟན་འགྲོའི་བྱ་བ་ཁོ་ནར་བསྒྲུབས་ནས་དུས་འདའ་བར་མཛད་དོ། ཁོང་ཚེ་ལ་རིག་འཛིན་བརྙེས་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་འདུལ་ཕྱིར། སྙིང་པོ་དོན་གྱི་བསྟན་པ་རིན་པོ་ཆེའི་རྒྱལ་ཚབ་འབྲུག་ཆེན་མི་ཕམ་ཆོས་ཀྱི་རྒྱ་མཚོ་མངའ་གསོལ་ནས་རེ་ཞིག་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་ཕེབས་སོ། ཁོང་ནི་ཀརྨ་པ་སྐུ་འཕྲེང་བཅུ་བཞི་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་འབྲུག་ཆེན་འཇིགས་མེད་མི་འགྱུར་དབང་རྒྱལ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཆོག་གྱུར་གླིང་པ། དཔའ་བོ་གཙུག་ལག་ཉིན་བྱེད། སི་ཏུ་པདྨ་ཀུན་བཟང་། རྒྱལ་ཚབ་ཡེ་ཤེས་བཟང་པོ། ངེས་དོན་བསྟན་པ་རབ་རྒྱས། ཆགས་སྤྲུལ་གསང་སྔགས་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཀླུ་འབུམ་དགེ་བཤེས་བཅས་ཡིན། །