ཀརྨ་པ་ཆོས་གྲགས་རྒྱ་མཚོ
| |
མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „ཀརྨ་པ་ཆོས་གྲགས་རྒྱ་མཚོ་“! ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ། |
ཀརྨ་པ་ཆོས་གྲགས་རྒྱ་མཚོ ཁོང་ནི་རབ་བྱུང་བརྒྱད་བའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ1454ལོར་མདོ་ཁམས་ཏྲེ་ཤོད་དུ་ཡབ་གྲུབ་ཐོབ་གྲགས་པ་དཔལ་གྲུབ་དང་། ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ1506ལོར་སྐུ་གཤེགས། ཁོང་ཟླ་ངོ་དགུ་པར་སྒར་ཆེན་འཛམ་གླིང་རྒྱན་ཆེན་གྱི་སེང་གེའི་ཁྲི་ལ་བཞུགས། མཚན་ལ་རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཞེས་གསོལ། དེ་ནས་ཀརྨ་དགོན་དུ་ཕེབས་ཏེ་གོ་ཤྲཱི་རིན་པོ་ཆེས་དགེ་བསྙེན་གྱི་སྡོམ་པ་ཕུལ། དགུང་ལོ་བཅུ་གཉིས་པར་ཀུན་མཁྱེན་འཇམ་དཔལ་བཟང་པོས་རབ་བྱུང་ཕུལ། མཚན་ལ་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ། དེ་ནས་སྤུངས་རི་དང་འབའ་ཐང་། རྨ་ཆུའི་རྒྱུད་སོགས་ས་གནས་མང་པོར་ཞབས་ཀྱིས་བཅགས་ཏེ་བྱིན་རླབས་དང་རྫུ་འཕྲུལ་ངོ་མཚར་ཅན་ཤ་སྟག་མཛད། དེའི་སྐབས་སུ་གོང་མ་ཆེན་པོ་ཆིང་ཧྭའི་ལུང་གིས་དབུ་ཞྭ་དང་། མུ་ཏིག་སྣེམ་སྦྱར། གསེར་བྲེ་ཆེན། གོས་དར་ཁྲི་ཕྲག་སོགས་ཀྱི་འབུལ་བ་ཡང་འབྱོར། ཀརྨ་གྲྭ་ཚང་གི་བཤད་གྲྭ་ཐོག་མར་བཙུགས། འབྲི་གུང་མཐིལ་དུ་ཕེབས་ནས་ཟབ་ཆོས་ཅི་རིགས་དང་ཕྱག་ཆེན་ཆོས་དྲུག་གི་དབང་ཁྲིད་དང་། སྒྲུབ་སྡེ་འཛུགས་པ། ཆོས་ཁྲིམས་བསྡམས་པ་སོགས་ཀྱིས་འབྲི་གུང་གི་བསྟན་པ་གཞི་ནས་གསོ་བར་མཛད། སྤོ་བོའི་ཕྱོགས་སུ་ཕེབས་ཏེ་བྲེ་མོ་ཆུ་མདོ་ལ་རྣམ་རྒྱལ་གླིང་གི་དགོན་པ་གསར་འདེབས་མཛད། སྨོན་ལམ་གྱི་ཆོ་ག་ཡན་ལག་ཉི་ཤུ་པ་ཡང་མཛད། ཁོང་སྐུ་ཚེ་གང་བོས་རྒྱ་གར་དང་། རྒྱ་ནག འཇང་། བལ་བོ། ཁ་ཆེ། མངའ་རིས། ཀློ་བོ། མདོ་ཁམས། དྭགས་ཀོང་། ལྷོ་མོན། དབུས་གཙང་། ཡར་འབྲོག བྱང་རིན་སོགས་ཀྱི་མི་རིགས་སོ་སོའི་སྐྱེ་བོ་མཆོག་དམན་ཀུན་ལ་ཆོས་ཀྱི་སྦྱིན་པ་བཏང་ནས་དུས་འདའ་བར་མཛད། ཁོང་ནི་ཀརྨ་པའི་སྐུ་ཕྲེང་བདུན་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་ཆོས་གྲགས་ཡེ་ཤེས་དང་། གྲུབ་ཆེན་སངས་རྒྱས་མཉན་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། ཀརྨ་འཕྲིན་ལས་པ་བཅས་ཡིན། ཁོང་གི་གསུང་རྩོམ་ནི《ཚད་མ་རིག་གཞུང་རྒྱ་མཚོ》དང་། 《མངོན་རྟོགས་རྒྱན་འགྲེལ་འཇིག་རྟེན་གསུམ་གྱི་སྒྲོན་མེ》། 《འདུལ་བ་གཞི་གསུམ་གྱི་ཆོ་ག》། 《གསང་འདུས་མི་བསྐྱོད་པའི་མངོན་རྟོགས》། 《བསྟོད་ཚོགས》བཅས་བསྟན་བཅོས་མང་དུ་བཞུགས་སོ། །