Jump to content

ཀམ་ཀམ་བརྩོན་འགྲུས་བཟང་པོ

ཡོང་ཁུངས་Wikipedia

ཀམ་ཀམ་བརྩོན་འགྲུས་བཟང་པོ ཁོང་ནི་རབ་བྱུང་ལྔ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ1313ལོར་ཀླུང་ཤོད་ཟུར་རེར་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་1385ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་པར་འཇམ་དབྱངས་རིན་ཆེན་སེང་གེའི་ཞབས་ལ་གཏུགས་ནས་མཁན་པོ་ཞུས་ཤིང་། མཁན་ཆེན་བརྩོན་འགྲུས་རིན་ཆེན་ལ་སློབ་དཔོན་ཞུས་ཏེ་རབ་ཏུ་བྱུང་ཞིང་མཚན་ལ་བརྩོན་འགྲུས་བཟང་པོ་ཞེས་གསོལ། དགུང་ལོ་ཉི་ཤུ་རྩ་བདུན་པར་རབ་བྱུང་གི་མཁན་སློབ་གཉིས་ལས་བསྙེན་པར་རྫོགས། དེ་ནས་ཆོས་འཁོར་གླིང་དུ་ཕེབས་ཏེ་སློབ་དཔོན་ཤེས་རབ་རྒྱལ་མཚན་དང་། སློབ་དཔོན་བློ་བཟང་གཉིས་ལ་བསྟེན་ནས་འདུལ་བ་ལ་སོགས་པའི་ཆོས་སྐོར་རྣམས་ལེགས་པར་གསན། མཁན་ཆེན་བཀྲ་ཤིས་རིན་ཆེན་དང་། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཆོས་དབང་། སྤྱན་སྔ་རིན་ཆེན་སེང་གེ །བྱ་ཡུལ་བའི་མཁན་པོ་རིན་ཆེན་ཚུལ་ཁྲིམས། སློབ་དཔོན་གཞོན་ནུ་བརྩོན་འགྲུས། སློབ་དཔོན་རིན་ཆེན་བསམ་གྲུབ། མཁན་པོ་བརྩོན་རྒྱལ་རྣམས་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་སྒྲུབ་པ་ཉམས་ལེན་ཡང་དེ་ལྟར་མཛད། དགུང་ལོ་སུམ་ཅུ་སོ་བདུན་པ་རབ་བྱུང་དྲུག་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ1349ལོར་ཀམ་ཀམ་གྱི་གདན་སར་ཕེབས་ཤིང་ལོ་ངོ་སུམ་ཅུ་སོ་ལྔའི་རིང་དུ་གདན་ས་བསྐྱངས་ཏེ་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད་ཅིང་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་བདུན་ཅུ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཀམ་ཀམ་གྱི་གདན་རབས་དགུ་པ་ཡིན་ནོ།།