ཀ་སྨད།

ཡོང་ཁུངས་Wikipedia

ཀ་སྨད་འབྲོག་སྡེ་ཕྱུག་མོ།

      མཁན་པོ་ཉི་ཡག་བཀྲ་ཤིས། 
   ཡངས་པའི་ས་ཆེན་པོའི་ཏོག་ལྟར་དུ་གྱུར་པའི་བསིལ་ལྡན་ཁ་བ་དཀར་པོས་ཡོངས་སུ་བསྐོར་བའི་ལྗོངས་འདིར།   ལོ་ངོ་སྟོང་ཕྲག་དུ་མའི་རིང་འཚོ་སྡོད་བྱེད་མྱོང་བའི་ཁྱད་ཆོས་བཞི་ལྡན་གྱི་མི་རིགས་རང་མཚན་པ་འདི་ལ་བོད་ཅེས་ཡོངས་སུ་གྲགས་ཤིང་།  མི་རིགས་འདི་ཉིད་སྔོན་བཙན་པོའི་རྒྱལ་རབས་བཞི་བཅུ་ཞེ་གཉིས་ཀྱི་རིང་ལ།  ཆབ་སྲིད་དང་།  དམག་དོན།   དཔལ་འབྱོར།  རིགས་གནས་སོགས་གང་ཐད་ནས་ཡ་གླིང་རྒྱལ་ཁབ་ཀུན་གྱི་ཏོག་ལྟར་གྱུར་ཏེ།  སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་སྒྱུར་བྱེད་མྱོང་ཞིང་།   དུས་རབས་དགུ་པའི་ནང་ནས་སིལ་བུར་འཐོར་ཏེ་ལོ་ངོ་བརྒྱ་ཕྲག་བཞི་མ་ཟིན་ཙམ་སོང་རུང་།   སླར་དུས་རབས་བཅུ་གསུམ་པའི་ནང་ནས་འགྲོ་མགོན་འཕགས་པས་བོད་ཆེན་པོ་བསྐྱར་འཛུགས་མཛད་དེ་ཆོལ་ཁ་གསུམ་ཞེས་སྲིད་འཛིན་ས་ཁུལ་མི་འདྲ་གསུམ་དུ་བགོས་པའི་ནང་ཚན་མདོ་སྟོད་མི་ཡི་ཆོལ་ཁའི་ཡ་གྱལ།     ཁམས་སྒོམ་སྡེ་ནང་ཆེན་གྲ་ནང་གི་ཁོངས་སུ་གཏོགས་པའི་ཀ་སྨད་འབྲོག་སྡེ་ཕྱུག་མོའི་འཚོ་བ་དང་འབྲེལ་བའི་གནས་ཚུལ་འགའ་ཞིག་ནི་འདིར་གླེང་བར་བྱ་བའི་གཏམ་གྱི་གཞིའོ།།   དེ་ཡང་ཀ་སྨད་ཞེས་པའི་འབྲོག་སྡེ་འདི་ཉིད་ཀྱང་བགྲང་བྱ་སྟོང་ཕྲག་དུ་མའི་རིང་དུ་འབྲོག་ལས་ཀྱི་ཐོན་སྐྱེད་ལ་བརྟེན་ཏེ་སྐྱིད་སྡུག་གི་ལམ་བུ་འདྲ་མིན་བརྒྱུད་བཞིན་ལོ་རྒྱུས་ཀྱི་དལ་འབབ་རིང་མོའི་ཁྲོད་ནས་ས་སྒང་འདིར་འཚོ་སྡོད་བྱས་ཤིང་།  རྒྱུན་དུ་ཁོ་ཚོས་འབྲོག་ལས་ཀྱི་ཐོན་རྫས་འདྲ་མིན་ཡུལ་སར་དབོར་འདྲེན་བྱས་ཏེ་ཞིང་པའི་ཐོན་རྫས་ཉོ་ཞིང་།   དེ་ཉིད་རང་ས་ནས་ཐོན་པའི་མར་དང་ཕྱུར་བ་སོགས་ལ་བསྲེ་སྟེ་ལོངས་སྤྱོད་པར་བྱེད།  གོས་ནི་ཕྱུགས་ཀྱི་སྤུ་འཐོག་སྟེ་དེས་རྒྱུ་བྱས་པའི་ཐག་འདྲ་མིན་གྱིས་བཟོ་ཞིང་།  འདུག་ས་ཡང་ཟོག་གི་སྤུ་ལས་གྲུབ་པའི་སྦྲ་ནག་ཡིན།  དེར་བརྟེན་ཕྱུགས་མེད་ན་ཁོ་ཚོ་འཚོ་ཐབས་བྲལ་བས།   མགོ་ནག་རྟེན་ས་སྤུ་ནག   སྤུ་ནག་རྟེན་ས་སྤང་སྤུ་ཞེས་ཀུན་གྱི་ངག་ནས་རླུང་ལྟར་སྒྲོག་བཞིན་རྩྭ་སར་གཅེས་སྤྲས་བྱེད་ཅིང་ཁོར་ཡུག་སྲུང་སྐྱོབ་ལ་ནུས་པ་ལྷག་པོར་འདོན།    ཁོ་ཚོ་འབྱོར་པས་དབུལ་རུང་རང་འཚོ་སྡོད་བྱེད་སའི་ས་གནས་དེར་ཡོད་པའི།    གསའ་གཟིག་དང་།  གླ་བ།  ཤྭ་བ།  དྲེད་མོང་།  རྣ་བ་དང་དགོ་བ་བཅས་རི་སྐྱེས་སྲོག་ཆགས་ཧ་ཅང་མང་པོ་ཡོད་པ་དེ་དག་ལ་གནོད་འཚེ་མི་གཏོང་པར་མ་ཟད།  གནོད་འཚེ་གཏོང་མཁན་བྱུང་ན་རང་སྲོག་འདོར་བའི་ཚོད་དུ་བྱེད།    མི་ལོ་སྟོང་ཕྲག་གི་རིང་ལ་ཁོ་ཚོའི་ཁྲོད་ན་ལྷང་ངེ་གསལ་བའི་སྲོལ་རྒྱུན་ཞིག་ཡོད་པ་ནི།   ས་གནས་དེར་ཡོད་པའི་རི་བོ།  རྫ་ནག་རལ་པ་དང་། ལྗིག་རྒྱལ།   འཕེན་པོ།  ཤ་རྭ་དཀར་འབེལ་བཞི་ལ་སྲིད་པ་རྒྱུད་ཀྱི་བོན་པོ་བཞིའི་ནང་ཚན།  དྲི་བོན་ར་ལྗག་སྐྱི་རྒྱལ་ཏེ་ལྷ་བསང་བྱེད་པའི་ཆོ་ག་ལ་བརྟེན་ཏེ་ལོ་རེ་བཞིན་མཆོད་བསྟོད་བྱེད་ཅིང་འདི་ཕྱིའི་སྐྱིད་སྡུག་གི་ལེགས་ཉེས་བཅོལ་བར་བྱེད།  ཁོ་ཚོའི་འཚོ་གནས་ལ་བཟང་ངན་ཡོད་ཚད་ཀྱང་རི་བོ་དེ་བཞིས་བཀོད་འདོམ་ཡིན་པར་ངོས་འཛིན་བྱེད་ཅིང་།   དངོས་ཡོད་གནས་ཚུལ་ལྟར་བྱས་ན་ཡང་རི་བོ་དེ་བཞི་ནི་ཁོ་ཚོའི་འཚོ་གནས་ལ་འབྲེལ་བ་དམ་ཟབ་ཡོད་པ་སྟེ་ས་གནས་དེའི་ཆུ་བོ་དང་སྨན་ལྡུམ་སོགས་ཀྱི་འབྱུང་ཁུངས་ཡིན་པར་མ་ཟད་ཕྱུགས་རིགས་འཚོ་གནས་བྱེད་ས་ཡང་ཡིན་པས་སོ།།   ད་དུང་ས་གནས་དེར་ཡོད་པའི་རི་སྐྱེས་སྲོག་ཆགས་དེ་དག་ཀྱང་རི་བོ་དེ་བཞི་ལ་རྒྱུན་དུ་འཚོ་སྡོད་བྱེད་པས།  ཡུལ་མི་རྣམས་ཀྱིས་རི་སྐྱེས་དག་རི་བོ་དེ་བཞིའི་སྒོ་ཕྱུགས་ཡིན་པར་བཤད་ཀྱི་ཡོད། མདོར་ན་ཀ་སྨད་ཞེས་པའི་འབྲོག་སྡེ་ཆུང་ཆུང་འདི་ནི་ལོ་རྒྱུས་ཀྱི་ཆུ་མགོ་གདོད་ནས་བརྡོལ་ཞིང་ཆུ་རྔ་མཇུག་མ་བསྒྲིལ་པར་བཞུར་བཞིན་པ་ལགས་པས་ཀུན་གྱིས་ཡིད་སྨོན་བྱ་འོས་པའི་གནས་སོ།།
"https://bo.wikipedia.org/w/index.php?title=ཀ་སྨད།&oldid=131890"ལས་སླར་རྙེད་སོང།