༧༽དང་སྒྲའི་འཇུག་པ་བསྟན་པ།

ཡོང་ཁུངས་Wikipedia

༨༽ནི་སྒྲའི་འཇུག་པ་བཤད་པ། རྩ་བར། ནི་ནི་དགར་དང་བརྣན་པའི་ཚིག ། དམིགས་སམ་ངེས་པར་འཛིན་པ་སྟེ། ། ཕྱི་མའི་ཚིག་དང་སྦྱར་བར་བྱ། ། ནི་སྒྲའི་ཚིག་ཕྲད་ནི་དགར་བ་དང་བསྣན་པའི་དོན་ཅན་གྱི་ཚིག་ཕྲད་དེ། དགར་བ་ལ་ཡང་ཟླ་ལས་དགར་བ་དང་། བཀོད་པ་ལས་དགར་བ་གཉིས། བསྣན་པའང་ངོ་བོ་ཉིད་བསྣན་པ་དང་རྣམ་གྲངས་ཀྱི་དབྱེ་བ་བསྣན་པ་གཉིས་ཏེ་བཞི་རུ་དབྱེ་བའོ། ། དེ་དག་གི་གོ་དོན་དཔེར་བརྗོད་རིམ་པ་བཞིན་བཀོད་ན། དགར་བ་ནི། ལོགས་སུ་དབྱེ་བ་ཕྱེ་བའི་དོན་ཡིན། དེ་ལ་དབྱེ་ན་གཉིས་ལས། ཟླ་ལས་དགར་བ་ནི། དགར་གཞིའམ་དབྱེ་གཞི་དངོས་སུ་མ་སྨྲས་པར་དགར་ཆོས་སམ་དབྱེ་བ་དངོས་སུ་སྨྲས་ནས་དགར་བ་ལ་ཟེར། དཔེར་ན། བཀོད་པ་ལས་དགར་བ་ནི། སྔོན་དུ་བསྒྲུབ་བྱ་བཀོད་ནས་རྗེས་སུ་དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་བཀོད་པ་སྟེ། དཔེར་ན། བདེན་པ་གཉིས་ནི། དོན་དམ་དང་ཀུན་རྫོབ་བོ། ། ལྟ་བུ། སྔོན་དུ་བདེན་པ་གཉིས་ཡོད་པ་དམ་བཅས་ཏེ། དེའི་རྗེས་སུ་དེ་ལ་གཉིས་ཡོད་པའི་སྒྲུབ་བྱེད་དུ་རྣམ་གྲངས་རེ་རེ་བཞིན་བཀོད་པས་སོ། ། དེས་མཚོན་ནས། དཀོན་མཆོག་གསུམ་ནི་སངས་རྒྱས་ཆོས་དང་དགེ་འདུན་ལྟ་བུ་སོགས་རྒྱ་ཆེར་ཤེས་པར་བྱ་ལ། འདི་ལ་དབྱེ་གཞི་ལས་ལོགས་སུ་དགར་བ་ཟེར་ནའང་འགྲིག གཉིས་པ་བསྣན་པ་ནི་ས་པཎ་གྱི་ཡི་གེའི་སྦྱོར་བ་དང་། ཐོན་མིས་མཛད་པར་གྲགས་པའི་རྟགས་འཇུག་གི་ཇི་ལྟར་འཇུག་པ་བཤད་པའི་སྐབས་དང་། སྨྲ་སྒོ་སོགས་སུ་བསྣན་པ་ཞེས་བྱུང་ཞིང་། ཞ་ལུ་ལོ་ཙཱ་བའི་སུམ་འགྲེལ་དུ་བརྣན་པ་ཞེས་བྲིས་སྣང་། དོན་ནི་ནན་ཏན་ནམ་ངེས་བཟུང་བའི་དོན་དུ་སྔོན་གྱི་སུམ་འགྲེལ་བྱེད་པོ་ཚོས་འགྲེལ་བར་སྣང་། དེ་ལ་གཉིས་ལས་དང་པོ་ངོ་བོ་ཉིད་བསྣན་པ་ནི་གཞན་ཡིན་པ་བཅད་ནས་གཞི་དེ་ཆོས་དེའི་ངོ་བོ་ཉིད་དུ་གྲུབ་པ་ངོས་འཛིན་བྱེད་དེ། འདུས་མ་བྱས་པ་རྟག་པ་ཡིན་མོད། འདུས་བྱས་ནི་མི་རྟག་པ་ཁོ་ན་ཡིན་ནོ། ། བུམ་པ་ནི་དངོས་པོ་ཉིད་དོ། གསེར་བུམ་ནི་གསེར་གྱི་ངོ་བོ་ཉིད་དུ་གྲུབ། ཀ་བ་ནི་གདུང་འདེགས་ཀྱི་ཆོས་སོ། ། མི་ནི་སྨྲ་ཤེས་དོན་གོ་བ་ལ་ཟེར། ལྟ་བུ། རྣམ་གྲངས་གཞན་བསྣན་པ་ནི། གཞི་དེར་ཆོས་གཞན་ཞིག་བསྣན་པའི་དོན་ཅན་ཏེ། དཔེར་ན། བུམ་པ་ནི་མི་རྟག་པ་ཡིན་ལ། སྣམ་བུ་དང་ཀ་བ་ཡང་དེ་བཞིན་ནོ། ། གཞི་བུམ་པའི་སྟེང་དུ་མི་རྟག་པ་ཡིན་པའི་ཆོས་སྣམ་བུ་དང་ཀ་བ་སོགས་བསྣན་ནས་སྨྲས་པ་ལྟ་བུ། གཞན་ཡང་ཐ་དད་ཙམ་དུ་དགར་བ་ནི། བུམ་པ་ནི་ཀ་བ་ལས་གཞན་ནོ་ལྟ་བུ་དག་ཀྱང་ཤེས་པར་བྱ་ལ། ཀུན་བཟང་དགོངས་རྒྱན་དང་མུ་ཏིག་ཕྲེང་མཛེས་ཀྱི་ནི་སྒྲ་བརྣན་པ་ལ་འཇུག་པ་བཤད་པའི་སྐབས་བ་བརྣན་བྲིས་ནས་འགྲེལ་བཤད་གྲ་རྒྱས་བྱས་ཤིང་། རྟགས་འཇུག་རྩ་བའི་ཚིག་ཕྲད་འདྲེན་ཚུལ་འཆད་པའི་སྐབས། རྩ་བ་ལས་འབྱུང་བས་བསྣན་བྲིས་པ་ཙམ་ལས་དོགས་གཅོད་གང་ཡང་མེད་པར་བྱིས་པས་སྟག་མཐོང་བ་བཞིན་གཡོལ་ནས་སོང་འདུག ། ནི་སྒྲ་བརྣན་པའི་དོན་ཅན་ལ་འཇུག་པ་འཆད་སྟངས་འདི་ཡང་བརྡ་སྤྲོད་རིག་པའི་ནང་གི་ཆ་ཤས་གལ་ཆེ་བ་ཞིག་ཡིན་པས། དེའི་ཐད་ཀྱི་ཀུན་བཟང་དགོངས་རྒྱན་གྱི་བཤད་པ་འགོད་ན། བརྣན་པ་ནི། གཞན་གྱི་ཟླ་བོ་ལ་ལྟོས་པ་མ་ཡིན་པར་ངོ་བོ་དང་ཁྱད་པར་བྱ་བྱེད་སོགས་རང་ས་རང་སར་ལྷག་པར་ངེས་པའམ། ནན་ཏན་ཏུ་ངེས་པར་བྱེད་པ་སྟེ། དཔེར་ན། ཁྲབ་ནི་གྱོན། རྨོག་ནི་གྱོན། གྲི་ནི་ཡོད། མདའ་ནི་ཡོད། མདུང་ནི་ཡོད། མེ་མདའ་ནི་ཡོད། ཅེས་སོགས་གཡུལ་དུ་འཇུག་པ་ན། རང་གི་གོ་ཆ་དང་མཚོན་ཆ་ལ་སོགས་པ་ཚང་མ་ཚང་ལྟ་བའི་ཚེ། དེ་དག་རེ་རེ་ནས་ངེས་ངེས་བྱེད་པ་ལྟ་བུའོ། ། དེ་བཞིན་དུ་བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཐུགས་སུ་ཆུད། ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར། སློབ་མའི་ཚོགས་དུལ་བ་མཐའ་ཡས་པ་ནི་མངའ་ལྟ་བུ་རྣམས་སོ། ། ཞེས་གསུངས། པཎ་ཆེན་ཤཱཀ་མཆོག་པས་ཀྱང་། བརྣན་པའི་ཚིག་ལ་ནི་ངེས་པར་འཛིན་པ་ཞེས་བྱ་ལ། དེ་ལའང་ངོ་བོ་ཉིད་བརྣན་པ་དང་། རྣམ་གྲངས་གཞན་བརྣན་པ་ཞེས་བྱ་བ་གཉིས་ལས། དང་པོ་ནི། ཇི་སྐད་དུ། རྗེས་དཔག་བྱ་དང་དེ་མཚུངས་ལ། ། ཡོད་དང་མེད་ལ་མེད་པར་ནི། ། ངེས་པ། ཞེས་པའམ། སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཞེས་པ་ལྟ་བུའོ། ། གཉིས་པ་ནི། འདོད་པ་རྣམས་ནི་དགྲའོ། ། ཞེས་པ་ལྟ་བུའོ། ། ཞེས་གསུངས། སྨྲ་བ་ཀུན་ལ་འཇུག་པའི་སྒྲའི་བསྟན་བཅོས་ཀྱི་འགྲེལ་པ་ལས། བརྣན་པ་ནི་ངོ་བོ་ཉིད་དང་རྣམ་གྲངས་སོ། ། དེ་ལ་ངོ་བོ་ཉིད་བརྣན་པས་ནི་གཞན་གྱིས་གཞན་སྟོན་པ་ལ་གས་པ་སེལ་བར་བྱེད་དོ། ། རྣམ་གྲངས་གཞན་བརྣན་པས་ནི་དེ་ལྟ་བུ་དག་ཀྱང་ཡིན་པ་ལ་སོགས་པར་འགྱུར་རོ། ། བརྣན་པའི་སྒྲ་དགར་བར་འགྱུར་བ་དག་ཀྱང་ཡོད་དེ། འདི་ལྟར་དེ་ལ་འདི་ནི་ཞེས་པ་ལྟ་བུའོ། ། དེ་གང་ལས་ཤེ་ན། ཁ་ཅིག་ནི་དགར་པ་ལས་སོ། ། ཁ་ཅིག་ནི་ཟླ་ལས་སོ། ། བདག་པོ་ལ་སོགས་པ་ནི་བདག་པོ་སྟེ། བདག་པོའི་དོན་ནི་གང་ལ་དེ་ཡོད་པའི་མིང་ནི་དེར་བརྟགས་པ་སྟེ། འབྲུ་མང་པོ་པ་དང་། བ་གཉིས་པ་དང་། དེ་ལ་ཕན་པའི་རྐྱེན་ཅན་ལ་སོགས་པར་སྟོན་པ་དག་ལྟ་བུ་དོན་འཕོ་བ་རྣམས་སོ། ། གཞན་ཡང་། རྒྱན་དང་ཁ་སྐོང་དུས་ལ་འཇུག ། ཅེས་བྱ་བ་ལ་ཚིག་གི་རྒྱན་གྱི་གསུམ་སྟེ། མཐུན་པ་དང་མི་མཐུན་པ་དང་ཁ་སྐོང་བའོ། ། དེ་ལ་མཐུན་པའི་རྒྱན་ནི་དོན་མཐུན་པར་སྟོན་པའོ། ། མི་མཐུན་པའི་རྒྱན་ནི་མི་མཐུན་ཡང་བསྒྲུབ་བྱ་གྲུབ་པར་སྟོན་པ་སྟེ་ཁས་ལེན་པའི་རྒོལ་བ་ལ་སོགས་པའོ། ། ཁ་སྐོང་བ་ནི་གཉིས་ཏེ། རྩ་བ་སྐོང་བ་དང ཚིག་ཁ་སྐོང་བའོ། ། དེ་ལ་རྩ་བ་སྐོང་བ་ནི་ཡི་གེ་ཚང་བར་བྱེད་པ་རྣམས་སོ། ། ཚིག་ཁ་སྐོང་བ་ནི་ཚིག་དང་ཚིག་གི་ལྷག་མ་དག་གོ ། ། དུས་ལ་འཇུག་པ་ནི་སྒྲ་གང་ཞིག་གིས་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པ་སྟོན་པར་ནུས་པ་དག་གོ ། དེ་ཡང་ཚིག་རྒྱན་ནི་ཚིག་མཛེས་པར་བྱེད་པ་སྟེ། ཏུན་ཧོང་གཏེར་ཡིག་ལས། ཆབ་ཆབ་ནི་ཕ་རོལ་ན། །ཡར་ཆབ་ ནི་ཕ་རོལ་ན། ། མྱི་འི་ནི་མྱི་བུ་ སྟེ། ། ལྷའི་ནི་སྲས་པོ་བཞུགས། ། རྗེ་བདེན་ནི་བཀོལ་ དུ་དགའ། །སྒ་བདེན་གྱིས་ནི་བསྟད་ དུ་དགའ། ། ལྟ་བུ་ཚིགས་བཅད་དང་། སྐུ་ནི་མཛེས། གསུང་ནི་སྙན། ཐུགས་ནི་ཟབ་ལྟ་བུ་ཚིགས་ལྷུག་ལ་འཇུག་པའི་ཚིག་རྒྱན་ཡིན། ཁ་སྐོང་བ་ལ། རྩ་བའི་ཁ་སྐོང་བ་ནི། ཚིགས་བཅད་ཀྱི་ཁ་སྐོང་པ་སྟེ། དེ་དང་དེ་ནི་མདོ་བཞིན་དུ། །ཞེས་དང་། བསྲེ་རུ་དང་ནི་ཉི་ཤུ་འོ།། ལྟ་བུ། ཚིག་ཁ་སྐོང་བ་ནི་ལྷུག་པ་ཁ་སྐོང་པ་སྟེ། མདོར་བསྟན་ནས་ད་ནི་རྒྱས་པར་བཤད་པར་བྱ་སྟེ་ལྟ་བུ་དང་། ཚོགས་ནི་བསགས། སྒྲིབ་པ་ནི་སྦྱངས་ལྟ་བུ། ལྷུག་པ་ཁ་སྐོང་བ་དང་ཚིག་གི་རྒྱན་གཉིས་ཀ་ཡིན་པས་དེ་དག་འགལ་བ་མི་སེམས་སོ༎ དུས་ལ་འཇུག་པ་ནི་གསུམ་སྟེ། ཁ་སང་ནི་ལོ་གསར་ཚེས་གཅིག་རེད། ལྟ་བུ་འདས་པ་དང་། དེ་རིང་ནི་ཚེས་གཉིས་རེད་ལྟ་བུ་ད་ལྟ་བ་དང་། སང་ཉིན་ནི་ཚེས་གསུམ་རེད་ལྟ་བུ་མ་འོངས་པའི་དུས་ལ་འཇུག་པ་ཡིན་ནོ༎ འདི་དག་སྨྲ་བ་ཀུན་ལ་འཇུག་པའི་སྒྲའི་བསྟན་བཅོས་ཀྱི་འགྲེལ་པ་ ལས་འབྱུང་བ་ལྟར་བཀོད་ཅིང་། སྔོན་བྱོན་བོད་ཀྱི་བརྡ་སྤྲོད་མཁས་པ་སུའི་གཞུང་ནའང་མི་གསལ་མོད། བོད་སྐད་ལ་ལག་ལེན་གྱི་ཐོག་ནས་ཉེ་བར་མཁོ་བ་ཤ་སྟག་ཏུ་མཐོང་ནས་ཅུང་ཟད་ཞིབ་མོའི་ལུགས་སུ་བྱས་ནས་བཀྲལ་བ་ཡིན་པས་བློ་གསལ་བ་རྣམས་ཐུགས་མཉེས་པར་མཛོད།