Jump to content

།སྲིད་པའི་རྒྱལ་མོའི་གསང་བསྐུལ་ཐོག་མདའ་འབར་བ་བཞུགས་སོ་

ཡོང་ཁུངས་Wikipedia

༄༅།། དབལ་གསས་རྔམ་པ་ཁྲོ་རྒྱལ་མཁའ་འགྱིང་ཁ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བསམ་དོན་འགྲུབ་པ་དང་།། དགེ་བའི་བར་ཆད་ཞི་བའི་ཕྱིར།། མ་གཅིག་སྲིད་པའི་རྒྱལ་མོ་ཡི།། ཐུགས་རྒྱུད་གནད་ནས་བསྐུལ་བའི་ཐབས།། གཏོར་མ་སྨན་རག་མཆོད་ཚོགས་བཤམས།། བདག་ཉིད་གཙོ་མཆོག་མཁའ་འགྱིང་བསྐྱེད།། མདུན་དུ་སྐད་ཅིག་དྲན་རྫོགས་སུ།། སྲིད་པའི་རྒྱལ་མོ་གཙོ་འཁོར་རྣམས།། ཆུ་ལས་ཉ་འཕགས་ཅི་བཞིན་དུ།། མངོན་སུམ་ཡེ་རེར་བྱོན་ནས་ནི།། སྒྲུབ་གཤེན་འདོད་དོན་བསྒྲུབ་པར་བསམ་ལ།། སྤོས་དཀར་དང་སི་ལའི་དྲི་བདུག །རོལ་མོའི་སྒྲ་དང་བཅས་ཏེ་འདི་སྐད་དོ།། བསྭོ།། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས།། མ་གཅིག་སྲིད་པའི་རྒྱལ་མོ་འགྲན་ཟླ་མེད།། མཐིང་ནག་ཞལ་གསུམ་ཕྱག་དྲུག་ནམ་མཁའི་གཟུགས།། ཞལ་གསུམ་དུག་གསུམ་འདུལ་ཕྱིར་དཀར་དམར་མཐིང་།། སྤྱན་དྲུག་རིགས་དྲུག་ཡུལ་དྲུག་གཏིང་ནས་འབྱིན།། སྤྱན་གསུམ་སྲིད་གསུམ་ཁུངས་འབྱིན་ས་གསུམ་གཟིགས།། ཕྱག་དྲུག་ཕ་རོལ་ཕྱིན་དྲུག་གཤེན་ལ་སྟོན།། གཡས་གསུམ་ཞིང་དབྱུག་རལ་གྲི་ཕུར་བུ་བསྣབས།། བདུད་དཔུང་བཤིག་ཅིང་བསྟན་དགྲ་ཉམས་པ་སྒྲོལ།། གཡོན་གསུམ་གཡུང་དྲུང་ཁ་ཊཾཱ་བྷནྡ་བསྟབ།། ལྷ་མིན་གཡུལ་ཟློག་མ་མོ་ལས་ལ་བསྐུལ།། ཞབས་ནི་རྐྱང་བསྐུལ་དྲེའུ་དམར་མོ་བཅིབས།། བདུད་བཞི་རྩད་གཅོད་སྲིད་གསུམ་ཁྱབ་པར་རྒྱུག །རྒྱལ་ཆེན་བཞི་ཡིས་དྲེའུ་རྐང་ལག་འདེགས།། ས་གསུམ་མ་ལུས་དུས་གཅིག་བགྲོད་པར་བྱེད།། དུག་ལྔ་རྩད་གཅོད་དུར་ཁྲོད་ཆས་ཀྱིས་བརྒྱན།། རྒྱལ་མོ་ཁྱོད་ཀྱིས་སྤྲུལ་པ་འགྱེད་ཙམ་ན།། སྐུ་གསུང་ཐུགས་ལས་སྤར་མ་ཉི་ཤུ་བདུན།། ཡང་སྤྲུལ་མ་མོ་འབུམ་ཕྲག་ལས་ལ་འགྱེད།། འདས་དང་མ་འདས་མཚམས་ཀྱི་དབལ་མོའི་ཚོགས།། འབུམ་ཕྲག་བྱེ་བ་ས་ཡས་སྲིད་གསུམ་ཁེངས།། གཡས་ན་བླ་མེད་བཀའ་སྲུང་དྲེད་ཞོན་མ།། དམར་ནག་ཞལ་གསུམ་ཕྱག་དྲུག་མཚོན་ཆ་ཕྱར།། གཡོན་ན་བདེ་འགྲོ་གསང་ཡུམ་མཐིང་ནག་ཁྲོས།། ཞལ་གསུམ་ཕྱག་དྲུག་དྲེའུ་ནག་མོ་བཅིབས།། ཕྱག་དྲུག་རྒྱུ་དྲུག་རྩད་གཅོད་མཚོན་ཆ་བསྣབས།། མདུན་ན་སྒྲ་བླའི་རྒྱལ་མོ་སྟག་རི་རོང་།། ལྕཊ་སྤྱང་བཅིབས་ནས་དགྲ་བགེཊ་སྲོག་ལ་རྒྱུག །གཡས་པས་རལ་གྲི་གྱི་གྲན་མགོ་ལུས་གཏུབ།། གཡོན་པས་ནད་རྐྱལ་བརྡབ་པས་དགྲ་ཡུལ་བརླག །དར་ནག་གོས་གྱོན་དགྲ་ལ་མུན་པས་བཀབ།། བཀའ་ཉན་ལས་བྱེད་སྡེ་བཞི་ཕོ་ཉ་འགྱེད།། མི་བདུད་འབྱམས་པ་ཁྲག་མགོས་དགྲའི་བླ་འགུག །བཙན་རྒོད་ཧཱུར་པ་གསོད་སྐྱེན་སྲོག་ལ་རྦད།། ཆེ་བཙན་དམག་དཔོན་རྒྱལ་པོས་བླ་སྲོག་བསྡོམས།། བྲག་བཙན་ཨ་བསྭེ་རྒྱལ་བས་དགྲ་སྲོག་གཅོད།། ཡང་འཁོར་གཡུང་དྲུང་བོན་གྱི་བསྟན་སྲུང་ཚོགས།། ཕོ་མོ་མ་ནིང་སྡེ་ཚོགས་གནམ་སར་ཁེངས།། ཀུན་ཀྱང་མ་ངེས་ཆིབས་དང་ཕྱག་མཚན་དང་།། འཇིགས་རྔམ་བརྗིད་པའི་དཔའ་ཆས་སྣ་ཚོགས་གསོལ།། སྔོན་ཚེ་འཆི་མེད་གསང་འདུས་གཤེན་གསུམ་གྱིས།། སྐུ་གསུམ་ཁྲོ་རྒྱལ་འབར་བའི་སྐུར་བཞེངས་ནས།། ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས་པའི་ཚེ།། སངས་རྒྱས་བསྟན་པ་བསྲུང་བ་ཁས་བླངས་ཏེ།། རང་རང་སྲོག་གི་སྙིང་པོ་ཕུལ་བ་བཞིན།། སྔོན་གྱི་དམ་བཅའ་གཙིགས་ལས་མ་འདའ་བར།། བདག་གི་འདོད་དོན་སྒྲུབས་ཤིག་མ་གཅིག་མ།། ཁྱད་པར་སངས་རྒྱས་བསྟན་ལ་གནོད་པའི་དགྲ།། རྣལ་འབྱོར་བདག་གི་བྱང་ཆུབ་དོན་གཉེར་ལ།། བར་ཆད་བྱེད་པའི་གཟུགས་ཅན་གཟུགས་མེད་བགེགས།། ཤ་ཁྲག་ལོངས་སྤྱོད་གཏོར་མ་འདི་བཞེས་ལ།། ད་ལྟར་མྱུར་དུ་བསྒྲལ་བའི་དུས་ལ་བབ།། སྲོག་ཆོད་སྙིང་ཕྱུང་སྙིང་ཁྲག་དམར་ལ་རོལ།། དགྲ་ཡུལ་ཐལ་བ་རྡུལ་དུ་བརླག་པར་གྱིས།། བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད།། བསྭོ་མ་མ་ཛ་ཿབྷྱོཿགེ་དུ་ཙ་ཏྲི་ས་མ་ཡ་རཀྟ་ཨ་མྲི་ཏ་ཁ་ཧཱི། བྷ་ལིང་ཏ་ཁ་ཁ་ཁཱ་ཧི། ཞེས་འདིའང་ཤར་རྫའི་བྱ་བྲལ་འཇིགས་མེད་དབང་པོས་རྣལ་འབྱོར་དགེ་སྦྱོར་བའི་དགེ་བའི་བར་ཆད་སེལ་ཞིང་བསམ་པའི་དགེ་དོན་བསྒྲུབ་པའི་ཕྱིར་དུ་རྩོམ་པས། མ་གཅིག་ལྷ་མོས་རྟག་ཏུ་བསྲུང་ཞིང་སྐྱོབས་ནས་དགེ་བསམ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །ཡི་གེ་པ་ནི་ཉག་བཙུན་ས་ཏྲིག་མིང་ཐོབ་པའོ།།