ཕུན་ཚོགས་དབང་རྒྱལ་

ཡོང་ཁུངས་Wikipedia
༡༩༤༠ལོའི་ཕུན་ཚོགས་དབང་རྒྱལ་གྱི་པར།

འཁྲུངས་རབས།[རྩོམ་སྒྲིག]

འབའ་པ་ཕུན་ཚོགས་དབང་རྒྱལ་དང་ཕུན་དབང་ཡང་ཟེར། རྒྱ་མིང་དུ(闵志成)ཟེར། ༡༩༢༢ལོར་དཀར་མཛེས་བོད་རིགས་རང་སྐྱོངས་ཁུལ་འབའ་ཐང་རྫོང་དུ་སྐུ་འཁྲུངས་ཤིང་། ཁྱིམ་ནང་དུ་བྲུ་ཕྲུག་དྲུག་ཡོད་པའི་ནང་ནས་ཆེ་ཤོས་ཡིན། དེང་རབས་ཀྱི་བོད་རིགས་གསར་བརྗེ་བ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དང་མཚན་ཉིད་སྨྲ་བ་པོ་ཞིག་ཡིན།

མོན་གོའི་སྐབས་སུ།[རྩོམ་སྒྲིག]

༡༩༣༥ལོར་ཞང་པོ་དང་ལྷན་དུ་ནན་ཅིང་དུ་སློབ་སྦྱོང་མནང་བར་ཕེབས་རྩིས་བྱས། ཕྱི་ལོར་ཀྲུང་དབྱང་ཆབ་སྲིད་སློབ་གྲྭས་བཙུགས་པའི་མོང་བོད་སློབ་གྲྭར་སློབ་སྦྱོང་མནང་བ་དང་དེ་དུས་ཅང་ཅེ་ཧྲེ་སློབ་གྲྭའི་ཞའོ་ཀྲང་གི་འགན་བཞེས་ཀྱི་ཡོད། ༡༩༣༧ལོར་རི་འགོག་དམག་འཁྲུག་ལངས་རྐྱེན་སློབ་གྲྭ་དེ་ཨན་ཧུའི་ཅུའུ་ཧ་རི་བོ་ནས་ཧུའུ་ནན་ཀྲེ་ཅང་དུ་སྤོ་དགོས་བྱུང་། དེའི་རིང་ལ་ཁོང་གི《འུ་ཧན་ལ་བསྐྱོད་ལམ》ཞེས་པའི་རྩོམ་ཡིག《ཀྲེ་ཅང་ཉིན་རེའི་ཚགས་པར》སྟེང་འགོད་མནང་བ་རེད། དེ་དུས་ཁོང་དང་གཡོན་ཕྱོགས་ཀྱི་དུས་དེབ། དེ་བཞིན་མི་སྣར་ཐོག་མའི་རྒྱུས་ལོན་བྱུང་། ༡༩༣༨ལོར་སློབ་གྲྭ་དེ་ཁྲུང་ཆིང་དུ་སྤོས། དེ་ནས་ཟུང་ཁོང་གིས་མ་ཁེ་སི་དང་ལི་ཉིང་གི་བརྩམས་ཆོས་མང་དུ་བཀླགས་རྐྱེན་ཁོང་གི་ལྟ་བ་ལི་ཉིང་གི《མི་རིགས་རང་གཙོ་དབང་ཆའི་སྐོར་གླེང་བ》ཞེས་པ་དང་ཉེ་བར་གྱུར། དེའི་ཕྱི་ལོར་ཕུན་དབང་གིས་དཀོན་མཆོག་བཀྲ་ཤིས། ངག་དབང་སྐལ་བཟང་། ཤེས་རབ། མ་རྒྱལ་དོན་གྲུབ་ལ་སོགས་པའི་སློབ་ཕྲུག་དང་མཉམ་དུ༼བོད་རིགས་གུང་ཁྲན་རིང་ལུགས་གསར་བརྗེའི་འགུལ་བསྐྱོད་ཚོགས་ཆུང༽བཙུགས་མནང་བ་དང་། ཧྲུའུ་ཅིའི་འགན་བཞེས། དེ་ནས་ཁྲུང་ཆིང་བཅའ་སྡོད་དམག་སྡེ་བརྒྱད་པའི་དོན་གཅོད་ཁང་དང་གསང་བའི་ཐོག་ནས་འབྲེལ་གཏུག་མནང་། ད་དུང་ཚོགས་ཆུང་དེའི་མིང་ཐོག་ནས་སི་ཏའ་ལིན་དང་མའོ་ཙི་ཏུང་ལ་འཕྲིན་ཡིག་བསྐུར་མནང་མཛད། ཕུན་ཚོགས་དབང་རྒྱལ་གྱིས《རྒྱལ་སྤྱིའི་གླུ》《ཀྲུང་གོའི་རྒྱལ་གླུ》སོགས་བོད་ཡིག་ཏུ་ཐོག་མར་བསྒྱུར། ༡༩༤༠ལོར་སློབ་གྲྭ་ནས་ཕྱིར་འབུད་བྱས། དེ་ནས་ཡེ་ཅན་ཡིང་གི་རོག་སྐྱོར་འོག་མ་ཁེ་སི་དང་ལེ་ཉིང་གི་བརྩམས་ཆོས་མང་དག་ཅིག་ཉོས་ནས་བོད་དུ་ལོག་ཕེབས། ༡༩༤༢ལོར་ཁོར་གིས་དར་རྩེ་མདོ་རུ༼སྐར་མ་མེའི་ཚོགས་པ༽བཙུགས་མནང་བ་དང་། དེའི་ཁོངས་མི་ལ་ངག་དབང་དང་། ཏའོ་ཏང་། དགྲ་འདུལ། ཚང་ཆོས་གྲགས་སོགས་བྱུང་། དེ་ནས་ཚོགས་པ་དེ་གོ་མིན་ཏང་གི་ཤེས་རྟོགས་བྱུང་རྗེས་ཕུན་དབང་དང་ཏའོ་ཏང་ལྷ་སར་ཕེབས་ནས༼གངས་ལྗོངས་བོད་རིགས་གུང་ཁྲན་རིང་ལུགས་གསར་བརྗེའི་ཚོགས་ཆུང༽བཙུགས། ཁོང་ཚོས་བསོད་ཁང·དབང་ཆེན་དགེ་ལེགས་བཀའ་བློན་བརྒྱུད་ནས་བཀའ་ཤག་སྲིད་གཞུང་ལ་གསར་བརྗེའི་ལས་འགུལ་སྤེལ་དགོས་པའི་རེ་བ་ཞུས་ཀྱང་སྟོང་ཟད་དུ་ཕྱིན། ༡༩༤༤ལོར་རྒྱ་གར་དུ་ཕེབས། ༡༩༤༥ལོར་ཕུན་དབང་ཡུན་ནན་བདེ་ཆེན་རྫོང་དུ་ཕེབས་ནས༼ཤར་བོད་མི་དམངས་རང་སྐྱོངས་ལྷན་ཚོགས༽གསར་བཙུགས་མཛད་པས་སྲིད་གཞུང་གིས་འཛིན་བཟུང་བཀའ་རྒྱ་བཏང་། ༡༩༧༤ལོར་ཕུན་དབང་ཆབ་མདོ་ཁུལ་དུ་ཕེབས་ནས་གཡུ་ཐོག·བཀྲ་ཤིས་དོན་གྲུབ་ཀྱིས་རོག་སྐྱོར་འོག་ལྷ་སར་ཕེབས་ཐུབ་པ་བྱུང་། ༡༩༤༩ལོར་ཕུན་དབང་སོགས་ཀྲུང་གོ་གུང་ཁྲན་ཏང་གི་གསང་བའི་ལས་དོན་སྒྲུབ་མཁན་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ནས་བཀའ་ཤག་སྲིད་གཞུང་གིས་བོད་ནས་ཕྱིར་འབུད་བྱས། ལོ་དེའི་སྤྱི་ཟླ་༩པར་ཁོང་རྣམས་རྒྱ་གར་བརྒྱུད་ནས་ཁུན་མིང་དུ་ཕེབས། ཁོང་གིས་ས་དེ་གའི་ཀྲུང་གོ་གུང་ཁྲན་ཏང་རྩ་འཛུགས་དང་འབྲེལ་བ་བྱས་མཐར་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར། དེ་རྗེས་འབའ་ཐང་ལ་ལོག་ཕེབས་ནས༼ཀྲུང་གོ་གུང་ཁྲན་ཏང་ཁམས་བོད་ས་མཚམས་ལས་དོན་ཨུ་ཡོན་ལྷན་ཁང༽༼ཤར་བོད་དམངས་གཙོའི་ན་གཞོན་ལྷན་ཚོགས༽གསར་འཛུགས་མཛད་པ་དང་ཧྲུའུ་ཅིའི་འགན་བཞེས།

༡༩༤༩ལོ་ནས།[རྩོམ་སྒྲིག]

༡༩༥༠ལོར་ཁོང་བོད་བསྐྱོད་ལྷོ་ལམ་དམག་དཔུང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་དམངས་འདྲེན་པུའི་པུའུཀྲང་གི་འགན་བཞེས། ལོ་དེའི་སྤྱི་ཟླ་༡༠པར་བཅིངས་འགྲོལ་དམག་གི་ཆབ་མདོ་ཟུངས། ཕུན་དབང་གི་གསར་དུ་བཙུགས་པའི༼ཀྲུང་གོ་གུང་ཁྲན་ཏང་ཆབ་མདོའི་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང༽གི་ཀྲུའུ་རེན་གཞོན་པའི་འགན་བཞེས། ༡༩༥༡ལོའི་ཟླ་བ་༤པར་ཁོང་གིས་ང་ཕོད·ངག་དབང་འཇིགས་མེད་དང་ལྷན་དུ་པི་ཅིན་ལ་ཕེབས་ནས་པི་ཅིན་དང་བཀའ་ཤག་སྲིད་གཞུང་གི་གྲོས་མོལ་ནང་བཞུགས། དེའི་རིང་ལ་སྐད་བསྒྱུར་གཙོ་བོ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང་ཕུན་དབང་གིས་རྒྱ་ཕྱོགས་ལ་སྐད་བསྒྱུར་གྱི་འགན་བཞེས། ཟླ་བ་༥པའི་ཚེས་༢༣ཉིན་རྒྱ་བོད་དབར་《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན》ཞེས་པར་མིང་རྟགས་བཀོད། ཟླ་བ་༩པའི་ཚེས་༩ཉིན་ཕུན་དབང་གིས་རྒྱ་ནག་གི་སྔོན་བསྐྱོད་དམག་དཔུང་གི་སྣེ་ཁྲིད་བྱས་ཏེ་ལྷ་སར་འབྱོར་བ་དང་། བོད་མི་ཁ་ཤས་ཀྱིས་ཕུན་དབང་ལ༼རྒྱ་དམར་བོད་ལ་འཁྲིད་མཁན་གྱི་བོད་མི༽ཞེས་སུ་འབོད་ཀྱི་ཡོད། དེ་རྗེས་གསར་དུ་བཙུགས་པའི་ཀྲུང་གོ་གུང་ཁྲན་ཏང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་ནང་གི་ཨུ་ཡོན་བརྒྱད་པོའི་ནང་ཕུན་དབང་ནི་བོད་རིགས་གཅིག་པུ་དེ་ཡིན། ༡༩༥༣ལོར་ཁོང་བོད་ལྗོངས་ནང་བསྟན་ཆོས་ལུགས་འཐུས་མི་ཚོགས་པ་དང་ལྷན་དུ་པེ་ཅིང་ལ་ཕེབས་རྗེས་པེ་ཅིང་དུ་བཞུགས་ནས་ཀྲུང་དབྱང་དམངས་ཨུད་སྲིད་ཁྲིམས་སིའི་སི་ཀྲང་གཞོན་པ་དང་མི་རིགས་དཔེ་སྐྲུན་ཁང་གི་གརྩོ་སྒྲིག་གཞོན་པ་སོགས་ཀྱི་འགན་བཞེས། ༡༩༥༤ལོར་མའོ་ཙེ་ཏུང་གིས་ཏྰ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེར་མཇལ་ཕྲད་གནང་སྐབས་ཁོང་གིས་སྐད་བསྒྱུར་གྱི་ཞུས་མྱོང་། ལོ་དེའི་ཟླ་བ་༩པར་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་འདམས་ཐོན་བྱུང་བ་དང《རྩ་ཁྲིམས》བོད་བསྒྱུར་ཚོགས་ཆུང་ཙུའུ་ཀྲང་གི་འགན་བཞེས། ༡༩༥༥ལོར་ཕུན་དབང་གྱིས་རང་འགུལ་ངང་ཀྲུང་དབྱང་ཏང་གི་སློབ་གྲྭར་མ་ལེ་རིང་ལུགས་སློབ་སྦྱོང་བྱེད་པར་ཕེབས་དགོས་པའི་རེ་འདུན་ཞུས། ༡༩༥༦ལོར་ཁྲེན་ཡི་ཡིས་འགོ་ཁྲིད་པའི་ཀྲུང་དབྱང་སྐུ་ཚབས་ཚོགས་པ་བོད་ལ་ཕེབས་སྐབས་སྐད་བསྒྱུར་གྱི་འགན་བཞེས། བོད་རང་སྐྱོངས་ལྗོངས་འཆར་གཞི་ལས་དོན་ཨུ་ཡོན་ལྷན་ཁང་དབུ་བརྙེས་པ་ནས་ཨུ་ཡོན་དང་གཞུང་ལས་ཐིང་ཏང་ཙུའུ་ཧྲུའུ་ཅི། ཀྲུང་གོ་གུང་ཁྲན་ཏང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་ཐབས་ཕྱོགས་གཅིག་འགྱུར་པུའི་པུའུ་ཀྲང་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་། ༡༩༥༨ལོར་ཁོང་བོད་ཁུལ་གྱི་དབང་ཆ་མེད་པ་བཟོས་པ་དང་མི་དམངས་འཐུས་མིའི་གོ་ནས་ཀྱང་མེད་པ་བཟོས། ཁོང་ལ་མི་རིགས་རིང་ལུགས་ཀྱི་བསམ་བློ་ཡོད་པར་ངོས་འཛིན་པ་མ་ཟད་ཁོང་བོད་ལ་ཕེབས་གོང་དུ་ལི་ཉིང་གི《མི་རིགས་རང་གཙོ་དབང་ཆའི་སྐོར་གླེང་བ》ཉོས་པ་དེ་ཡང་ནོར་འཁྲུལ་གྱི་བྱ་ཐབས་ལ་རྩིས་པ་རེད། ༡༩༥༩ལོར་བོད་ལ་ཟིང་འཁྲུག་ལངས་པ་དང་། རྗེས་ལོར་ཕུན་དབང་གསར་བརྗེའི་ངོ་ལོག་པའི་མིང་ཐོག་ནས་ཆིན་ཁྲེང་བཙོན་ཁང་དུ་ལོ་ངོ་བཅོ་བརྒྱད་དུ་བཀག་བསྐྱལ་བྱས་ཤིང་། སྐབས་དེའི་རྒྱ་ནག་གི་བཙོན་མ་སྤྱི་མཚུངས་ལྟར་སྡུག་རྩུབ་ཆེ་བའི་ཁྲིམས་གཅོད་བྱས། ཁོང་གི་བཙོན་ཁང་དུ་ཁེ་སི་དང་ལེ་ཉིན་། མའོ་ཙེ་ཏུང་། ཧའི་ཀ་ཨར་སོགས་ཀྱི་བརྩམས་ཆོས་ལ་ཞིབ་འཇུག་གནང་ཞིང་། རྩ་ཕྲན་དང་ལྕག་སྐུད་ཀྱི་སྨྱུ་གུའི་ཚབས་བྱས་པ་དང་གྲོན་ཆུང་བྱས་པའི་ཤོག་བུའི་སྟེང་ཕྱག་བྲིས་སྣ་ཚོགས་བྲིས་གནང་། དེང་རབས་ཀྱི་ཚན་རིག་གི་དཔེ་ཆ་མང་པོ་བཀླགས་ཤིང་ཞིབ་འཇུག་བྱས་པར་བརྟེན། རྩོད་སྒྲུབ་རིག་པའི་གཞུང་ལུགས་ཀྱི་མ་ལག་ལ་རང་གི་ཐུན་མོང་མ་ཡིན་པའི་བློ་བཀོད་ཅིག་ཆགས་པ་རེད། འོན་ཀྱང་ཡུན་རིང་མི་གཞན་དང་ཐུག་འཕྲད་མེད་པའི་རྐྱེན་སྐད་ཆ་ཤོད་པའི་ནུས་པ་ཇེ་ཉམས་སུ་སོང་། ཁོང་བཙོན་རྭར་བཞུགས་པའི་རིང་ལ་ཁོང་གི་ཕ་མ་རྣམས་གཉིས་དང་བཟའ་ཟླ་མནར་གཅོད་ཚད་མེད་ཐེབས་ཏེ་གྲོངས། ཁོང་གི་བུ་ཆེ་བ་ལོ་བཅུ་བཙོན་ཁང་ནང་འཚོ་བ་སྐྱེལ་དགོས་བྱུང་། ད་དུང་། ཁོང་གི་བཙུགས་པའི༼ཀྲུང་གོ་གུང་ཁྲན་ཏང་ཁམས་བོད་ས་མཚམས་ལས་དོན་ཨུ་ཡོན་ལྷན་ཁང༽དང༼ཤར་བོད་དམངས་གཙོའི་ན་གཞོན་ལྷན་ཚོགས༽བསར་བརྗེའི་ངོ་ལོག་པའི་རྩ་འཛུགས་ལ་ངོས་ཟུངས་ནས་དེའི་ཁོངས་མི་དྲུག་དཀྲོངས།

༡༩༧༨ལོ་ནས།[རྩོམ་སྒྲིག]

༡༩༧༨ལོའི་༤པའི་ནང་དགུང་ལོ་༥༦ལ་ཕེབས་པའི་ཕུན་ཚོགས་དབང་རྒྱལ་བཙོན་གྲོལ་བཏང་ཡང་ཁོང་གིས་བྲིས་མནང་བའི་ཕྱག་བྲིས་དག་ཕྱིར་འཁྱེར་ཐུབ་མེད། ༡༩༧༩ལོར་ཁོང་ལརང་དབང་བསྐྱར་གསོ་བྱུང་། ༡༩༨༠ལོར་པི་ཅིང་ཀྲུང་ནན་ཧའི་རུ་ཧུའུ་ཡའོ་པང་གིས་ཁོང་དང་མཇལ་ཕྲད་མནང་། ལོ་དེར་ཁོང་གི་བྲིས་མནང་བའི《རྩ་ཁྲིམས་ནང་མི་རིགས་སྐོར་གྱི་ནང་དོན་ལ་བཟོ་བཅོས་བྱེད་པའི་བསམ་ཚུལ་འགའ》ལ་སོགས་པའི་རྩོམས་ཡིག་འགའ་ཞིག་ལ་མི་རིགས་གནད་དོན་ཐད་གྱི་རྩ་དོན་སྐོར་ལ་ལྟ་བ་མི་འདྲ་བའི་རྩོད་པ་མང་དག་ཅིག་བྱུང་བ་རེད། ༡༩༨༦ལོར་ཕུན་ཚོགས་དབང་རྒྱལ་དང་ཚེ་བརྟན་གཡང་སྒྲོན་གཉིས་མཉེན་སྒྲིག ཁོང་གིས་སྔ་ཕྱིར་སྐབས་ལྔ་པ་དང་། དྲུག་པ། བདུན་པའི་རྒྱལ་ཡོངས་མི་དམངས་ཀྱི་འཐུས་མི་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གཞོན་པ། སྐབས་བརྒྱད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་དམངས་ཀྱི་བློ་འདྲི་ས་བཅས་ཀྱི་འགན་བཞེས།

བརྩམས་ཆོས།[རྩོམ་སྒྲིག]

༡༩༩༠ལོར་ཚད་ཉིད་རིག་པའི་བརྩམས་ཆོས《རྩོད་སྒྲུབ་རིག་པའི་འཚོལ་ཞིབ་གསར་བ》དཔར་སྐྲུན་མཛད། ༡༩༩༤ལོར་ཁོང་གི་ཚད་ཉིད་རིག་པའི་བརྩམས་ཆོས་གཉིས་པ《ཟླ་བའི་གོ་ལའི་སྟེང་གཤེར་གཟུགས་ཀྱི་ཆུ་ཡོད》ཅེས་པ་དཔར་སྐྲུན་མཛད། ༡༩༩༧ལོར་ཁོང་གིས་གཙོ་སྒྲིག་མཛད་པའི《ཀྲུང་གོའི་མི་རིགས་རང་སྐྱོངས་ཁུལ་མ་འཇོག་བྱེད་པའི་ཕྱོགས་བསྟོན》《ཀྲུང་གོའི་མི་རིགས་ཁྲིམས་སྐྱོངས་རྩོམ་ཡིག་གཅེས་བསྡུས》ཞེས་པ་དཔར་སྐྲུན་མཛད། ༡༩༩༨ལོར་ཅང་ཙེ་མིན་གྱིས་པའི་ཏའི་ཧ་རུ་ཕུན་ཚོགས་དབང་རྒྱལ་དང་ཁོང་གི་བཟའ་ཟླ་གཉིས་ལ་འཇལ་ཕྲལ་མནང་། ༢༠༠༤ལོ་ནས་ཕུན་ཚོགས་དབང་རྒྱལ་གྱིས་ཧུའུ་ཅིན་ཐའོ་ལ་འཕྲིན་ཡིག་ཐེངས་མང་བསྐུར་མནང་མཛད་ནས་ཀྲུང་དབྱང་དང་ཏྰ་ལའི་བླ་མ་ཞི་བའི་གྲོས་མོལ་བྱས་ཏེ་བོད་ཀྱི་གནད་དོན་ཐག་བཅོད་བྱེད་རེ་མནང་བའི་བསམ་ཚུལ་གསུང་།

འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས་བཙོན་ནས་བྲིས་པའི་སྙན་ངག[རྩོམ་སྒྲིག]

ཉི་གཞོན་འོད་ཐིག་སྒེའུ་ཁུང་ཟུར་ནས་འཕྲོས།།

ནུབ་ཁའི་ཉི་འོད་ལྕགས་སྒོའི་ངོགས་སུ་གསལ།།

ཉམས་ཉེས་བཙོན་ཁང་སྒོ་ལྕགས་མདོ་སྦུག་མནན། །

གཅིག་པུར་གྱང་ལ་མི་ལོར་བཅོ་བརྒྱད་བལྟས། །

དབྱར་དགུན་སྟོན་དཔྱིད་ཡོལ་ནས་བསྐྱར་དུ་སླེབས།།

དཔྱིད་ཀྱི་མེ་ཏོག་སྟོན་གྱི་ཟླ་བ་དེ། །

ལྕགས་རི་མཐོན་པོའི་ཕྱི་ལ་གནས་པ་ཙམ། །

འཇིག་རྟེན་འདི་རུ་ཁྲིམས་གཅོད་གཏོང་ཐབས་མང་།།

སྐྱེས་ཆེན་དམ་པར་སྔར་ནས་གནོད་ཅིང་འཚེ།།

གནས་བབ་ལས་དབང་སྐྱོ་བ་བཀའ་དྲིན་ཆེ། །

ཐོས་བསམ་འབད་པ་བསྐྱེད་པས་གོ་རྟོགས་རྙེད།།

དེ་ཡིས་རང་གཞན་གཉིས་ཀར་རྒྱུས་ཡོད་དང་།།

འཇིག་རྟེན་ཁམས་ཀྱི་འཕོ་འགྱུར་གནས་ལུགས་རྟོགས།།

སྡུག་བསྔལ་ཁྲོད་ནས་བདེ་བ་འཚོལ་གནས་སུ།།

བདེ་བའི་སེམས་ཀྱི་སྡུག་བསྔལ་གཞོམ་པར་བྱེད།།

དཀའ་ཡང་སྐྱིད་པའི་འབྲས་བུ་ལག་ཏུ་ལོན། །

ང་ནི་རང་དབང་ཆེད་དུ་རང་དབང་ཤོར།།

རང་དབང་མེད་ཀྱང་རང་དབང་ཡོད་པ་ཡིན། །

མི་རིགས་མཉམ་འདྲེས་དང་མི་རིགས་གཞན་བསྒྱུར་སྐོར[རྩོམ་སྒྲིག]

མི་རིགས་མཉམ་འདྲེས་དང་མི་རིགས་གཞན་བསྒྱུར་སྐོར། རྩོམ་པ་པོ། འབའ་བ་ཕུན་ཚོགས་དབང་རྒྱལ། མི་རིགས་མཉམ་འདྲེས་དང་མི་རིགས་གཞན་བསྒྱུར་ཞེས་པའི་ཐ་སྙད་འདི་གཉིས་ལ་གཞུང་ལུགས་སྨྲ་བའི་ཁྲོད་མི་རིགས་དང་གྲལ་རིམ་གྱི་ལངས་ཕྱོགས་མི་འདྲ་བས་འགྲེལ་ཚུལ་ཡང་མི་འདྲ་བ་མང་མོད། དོན་གྱི་འགལ་ཟླར་གྱུར་པའི་ལྟ་ཚུལ་གཉིས་སུ་དབྱེ་ཆོག་སྟེ། གཅིག་ནི་བཙན་འཛུལ་བ་དང་མི་སེར་སྤེལ་མཁན། གཉའ་གནོན་པ། དབང་བསྒྱུར་པ། མི་རིགས་སྟོབས་ཅན་ནམ་རྒྱལ་ཁབ་གང་དེའི་གཙོ་གཞིའི་མི་རིགས་སམ་མི་རིགས་ཆེན་མོའི་ཕྱོཊ་ནས་མི་རིགས་མཉམ་འདྲེས་དང་གཞན་འགྱུར་གྱི་བཟང་ཕྱོགས་ཀྱི་དོན་སྙིང་གླེང་ཞིང་ཡོད། ཅིག་ཤོས་ཀྱིས་དེ་ལས་ལྡོག་པའི་ལངས་ཕྱོགས་དང་ལྟ་བས་ཕ་རོལ་བོའི་ལྟ་བའི་ངན་ཕྱོགས་དང་ཐ་ན་ལོག་སྤྱོད་ཀྱི་ལྟ་བར་དགག་སྒྲུབ་བྱེད་ཅིང་མཆིས། ལྟ་བ་མི་འདྲ་བ་འདི་གཉིས་ནི་གནད་དོན་འདིའི་སྟེང་གི་གཞི་རྩའི་ལྟ་བ་གཉིས་སོ། །

མི་རིགས་མཉམ་འདྲེས་དང་མི་རིགས་གཞན་བསྒྱུར་གྱི་གནད་དོན་འདི་གླེང་བའི་ཚེ་ན། ཐོག་མར་ཕྱུངས་པ་ནི་མི་རིགས་ཀྱི་སྐད་དང་ཡི་གེའི་གནད་དོན་ཡིན། སྐད་ཆ་དང་ཡི་གེ་ནི་མི་རིགས་ཤིག་གི་ཁྱད་ཆོས་དང་མི་རིགས་དེའི་གཞན་དང་དབྱེ་བ་འབྱེད་བྱེད་ཀྱི་རྟགས་མཚན་ཞིག་ཡིན་པར་མ་ཟད། མི་རིགས་གང་དེ་གནས་པ་དང་འཕེལ་བའི་བརྒྱུད་རིམ་ཁྲོད། སྤྱི་ཚོགས་འཚོ་བའི་ཁྲོད་མི་རྣམས་ཀྱིས་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་ཡིན། མི་རིགས་ཤིག་མཉམ་འདྲེས་དང་གཞན་འགྱུར་བྱུང་ཡོད་མེད་དེ་ཐོག་མར་སྐད་ཡིག་གི་སྟེང་ནས་མངོན་ཡོང་། མི་རིགས་མི་འདྲ་བའི་བར་འགྲོ་འོང་བྱེད་པའི་ཁྲོད་སོ་སོའི་སྤྱི་ཚོགས་ཀྱི་གོ་གནས་དང་འབྲེལ་བ་ག་འདྲ་ཞིག་ཡིན་པའང་སྐད་ཡིག་ལས་མངོན་གསལ་དུ་ཤེས་ཡོང་། དེའི་ཕྱིར། མི་རིགས་སྐད་ཡིག་གི་གནས་བབ་དང་ལས་དབང་གིས་མི་རིགས་གང་དེའི་གནས་སྟངས་དང་ཆབ་སྲིད་གོ་གནས།མདུན་ལམ་ལས་དབང་བཅས་མཚོན་ཐུབ། ལེ་ཉིན་སོགས་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་སྨྲ་བས་གནད་དོན་འདིའི་སྟེང་དུ་བཟུང་བའི་གཞི་རྩའི་ལྟ་ཚུལ་ནི། སུ་ཞིག་གིས་མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་རྒྱུན་འཁྱོངས་མི་བྱེད་པ་དང་། མི་རིགས་གཉའ་གནོན་དང་འདྲ་མཉམ་མིན་པའི་གནས་ཚུལ་ལ་འཐབ་རྩོད་མི་བྱེད་ཚེ། དེ་ནི་མར་ཁེ་སི་རིང་ལུགས་པ་ཞིག་མིན་ཞིང་། ཐ་ན་དམངས་གཙོ་རིང་ལུགས་པ་ཞིག་ཀྱང་མིན། འདི་ལ་དོགས་པ་ཅི་ཡང་མེད་ཅེས་དང་། ཡང་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་ཚེ་ངེས་པར་དུ་ཆ་རྐྱེན་ཅི་ཡང་མེད་པར་སྐད་ཡིག་སོ་སོའི་རང་དབང་ཁས་ལེན་དགོས་ཤིང་། སྐད་རིགས་གང་ཞིག་ལ་ཁྱད་དབང་ཡོད་པ་དགག་དགོས། དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་ཕྱིན། སྤྱི་ཚོགས་ལས་དོན་གྱི་ཕྱོགས་གང་དང་སྡེ་ཁག་གང་ནས་ཀྱང་མི་རིགས་གང་ཞིག་གིས་མི་རིགས་གཞན་དག་ལ་གཉའ་གནོན་བྱེད་པའམ་ཆེ་ཚུགས་གཟུང་མི་ཆོག་ཅེས་དང་། ད་དུང་མི་རིགས་གྲངས་ཉུང་གཞན་དག་གིས་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས། སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པར་རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་པར་བསྐུལ་བའི་དབང་ཆ་ཡོད། དཔེར་ན། རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པས་རང་གི་སྐད་དེ་བཀོལ་ནས་ལན་འདེབས་པའི་ཁེ་དབང་སོགས་ཡོད། མི་རིགས་རང་གི་སྐད་དང་ཡི་གེ་བསྐོར་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། མི་དམངས་མང་ཚོགས་ཁྲི་འབུམ་གྱིས་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་ན་ད་གཟོད་སྲིད་འབྱོར་རིག་གསུམ་གྱི་ཕྱོགས་ནས་འཕེལ་རྒྱས་ཆེན་པོ་འཐོབ་སྲིད་པས་སོ། ། ཞེས་གསུངས་ཡོད། མར་ཁེ་སི་རིང་ལུགས་པའི་མི་རིགས་སྐད་ཡིག་གི་གཞི་རྩའི་ལྟ་བ་མདོར་བསྡུས་ཤིག་ངོ་སྤྲོད་བྱས་རྗེས། ད་ནིམི་རིགས་མཉམ་འདྲེས་དང་མི་རིགས་གཞན་བསྒྱུར་གྱི་གནད་དོན་གླེང་བར་བྱ་སྟེ། སྤྱིར་བཏང་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཐོན་སྐྱེད་དང་ཚོང་ཟོག་བརྗེ་རེས་ཀྱི་ཤུགས་རྐྱེན་འོག་དཔལ་འབྱོར་ཉིན་རེ་བཞིན་འཕེལ་བ་དང་། མི་རིགས་ནང་ཁུལ་དང་མི་རིགས་དང་མི་རིགས་བར་དུའང་དཔལ་འབྱོར་དང་རིག་གནས་ཆབ་སྲིད་ལ་སོགས་ཁྱབ་ཁོངས་མི་འདྲ་བ་སྟེ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན། དེ་བཞིན་ཆབ་སྲིད་དང་ཁྲིམས་ལུགས་ལྟ་བུ་བར་གནས་ཀྱི་ངོ་བོ་ཅན་གྱི་རྒྱུ་ཆ་ཐོན་སྐྱེད་དང་བརྗེ་རེས་བྱེད་པའི་ཁྱབ་ཁོངས་སུ། འགྲོ་འོང་ཚད་མི་འདྲ་བ་དགོས་བྱུང་བས་རིགས་དང་ཕྱོགས་ལ་ཤས་སུ་ཐུན་མོང་གི་རང་བྱུང་མཉམ་འདྲེས་བྱེད་པའི་སྣང་ཚུལ་འབྱུང་ངེས། འདི་ལ་སྤྱིར་བཏང་དུ་མི་རིགས་སམ་རིགས་རྒྱུད་བར་གྱི་ལུགས་མཐུན་མཉམ་འདྲེས་ཟེར།

དེ་ལས་ལྡོག་པའི་གནས་ཚུལ་ནི།བཙན་པོས་གཉོམ་ཆུང་ཟ་བའི་མི་རིགས་སམ་རིགས་རྒྱུད་འཐབ་རྩོད་ཡང་ན་དམར་འཛིང་ཁྲོད། སྟོབས་ལྡན་དབང་བསྒྱུར་མི་རིགས་ཀྱིས་རང་གི་སྲིད་འབྱོར་རིག་གསུམ་ཐད་ཀྱི་སྟོབས་ཤུགས་དང་ཁྱད་འཕགས་གོ་གནས་ལ་བརྟེན་ནས།ཞི་དྲག་གམ་མངོན་ལྐོག་གང་རུང་གི་ཐབས་སྣ་ཚོགས་ལ་བརྟེན་ནས། དབང་བསྒྱུར་མྱོང་བའི་མི་རིགས་ཉམ་ཆུང་ངམ་རིགས་རྒྱུད་ཀྱི་གདོད་ནས་ཡོད་པའི་ཡུལ་སྲོལ་གོམས་འདྲིས་སོགས་སྲོལ་རྒྱུན་རིག་གནས་དང་ལྷག་པར་དུ་སྐད་དང་ཡི་གེ་ཉམས་པར་བྱེད་པ་ཡིན། འདི་ལ་སྤྱིར་བཏང་དུ་མི་རིགས་གཞན་བསྒྱུར་སྲིད་ཇུས་ཟེར། མི་རིགས་གཞན་བསྒྱུར་ཞེས་པ་ནི་མི་རིགས་ཤིག་གི་གཞི་རྩའི་ཁྱད་ཆོས་རྣམས་བཙན་དབང་དང་ཡང་ན་ཞི་ཐབས་སྣ་ཚོགས་ལ་བརྟེན་ནས་མི་རིགས་གཞན་ཞིག་གི་གཞི་རྩའི་ཁྱད་ཆོས་སུ་བསྒྱུར་བ་དེ་ལ་ཟེར།མར་ཁེ་སིས་འདི་ལྟར་གསུངས་མྱོང་སྟེ།བཙན་དབང་གིས་མི་རིགས་གཞན་བསྒྱུར་བྱེད་པ་ནི་མགོ་བོ་འབྲེག་པའི་མི་རིགས་གཉའ་གནོན་འཇིགས་སུ་རུང་བའི་རྨང་གཞི་སྟེང་མངོན་འགྱུར་བྱས་པ་ཞིག་ཡིན་ཞེས་དང་། སི་ཏ་ལེན་གྱིས་ཀྱང་གཞན་བསྒྱུར་སྲིད་ཇུས་ནི་མར་ཁེ་སི་རིང་ལུགས་ཀྱི་དྲག་མཛོད་དུ་གཏན་ནས་མི་རུང་བ་ཞིག་ཡིན།རྒྱུ་མཚན་ནི་དེ་ནི་མི་དམངས་དང་གསར་བརྗེ། དམངས་གཙོ་བཅས་ལ་རྒོལ་བའི་གནོད་འཚེ་དང་བཅས་པའི་སྲིད་ཇུས་ཤིག་ཡིན་ཞེས་སོ། །

འདི་ལས་རྟོགས་ཐུབ་པ་ནི་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ཡིན་ཡང་། དངོས་བརྒྱུད་མངོན་ལྐོག་ཞི་དྲག་གི་མི་རིགས་གཞན་བསྒྱུར་སྲིད་ཇུས་དང་། དྲག་ཤུགས་སམ་ཁྱད་དབང་སོགས་ལག་ཐབས་སྣ་ཚོགས་ལ་བརྟེན་པའི་གཞན་བསྒྱུར་སྲིད་ཇུས་གང་རུང་དང་། ལྷག་པར་ཏུ་མི་རིགས་སྐད་ཡིག་སྟེང་མཚོན་པའི་གཞན་བསྒྱུར་སྲིད་ཇུས་ཐམས་ཅད་དམངས་གཙོ་རིང་ལུགས་ཀྱི་རྩ་དོན་དང་འགལ་བ་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་རྩ་དོན་དང་འགལ་བ་དེ་ལས་ཀྱང་སྨོས་མི་དགོས། དམངས་གཙོའི་རྒྱལ་ཁབ་དང་།ལྷག་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དེའི་རྩ་ཁྲིམས་དང་འགལ་བ་ཡིན་ཏེ། རྩ་ཁྲིམས་སུ་མི་རིགས་སོ་སོར་རང་གི་སྐད་དང་ཡི་གེ་བེད་སྤྱོད་དང་གོང་འཕེལ་དུ་གཏོང་བའི་དབང་ཆ་ལྡན་ཞེས་པའི་འབྲེལ་ཡོད་རྩ་དོན་དང་འགལ་བ་ཡིན། མི་རིགས་གཞན་བསྒྱུར་དང་མི་རིགས་མཉམ་འདྲེས་ཞེས་པའི་ཐ་སྙད་འདི་གཉིས་སྤྱི་ཚོགས་འཚོ་བའི་ཁྲོད་སྐབས་ལ་ལར་བསྣོལ་མར་གནས་པ་ཞིག་ཏུ་སྣང་མོད། དོན་དངོས་སྟེང་ལོ་རྒྱུས་ཀྱི་དུས་རབས་མི་འདྲ་བ་དང་ཆ་རྐྱེན་མི་འདྲ་བའི་འོག་བྱུང་བའི་འགལ་ཟླར་གནས་པ་ཞིག་གོ །

གཞན་དུ་མི་རིགས་མང་བོའི་རྒྱལ་ཁབ་ཁ་ཤས་ཀྱི་མི་རིགས་ཆེན་མོས་མི་རིགས་གཞན་བསྒྱུར་སྲིད་ཇུས་མངོན་སུམ་དུ་འདོན་སྤེལ་མི་བྱེད་ཀྱང་། སྤྱི་ཚོགས་འཚོ་བའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས།སློབ་གསོ་དང་དམག་དོན་སོགས་ཁྱབ་ཁོངས་སོ་སོ་རུ་རང་གི་གཞན་ལས་འཕགས་པའི་གོ་གནས་དང་ནུས་པར་བརྟེན་ནས། མི་རིགས་གཞན་ལ་ཕྱིའི་རྣམ་པའི་སྟེང་གཞན་བསྒྱུར་སྲིད་ཇུས་མིན་པ་ལྟ་བུའི་གཞན་བསྒྱུར་སྲིད་ཇུས་ལག་བསྟར་བྱེད་ཅིང་། སྲིད་ཇུས་འདི་མངོན་སུམ་གྱིས་གཞན་བསྒྱུར་སྲིད་ཇུས་ལག་ཏུ་བསྟར་བ་དང་བསྡུར་ན། ནུས་པ་དང་མཇུག་འབྲས་དེ་ལས་ངན་ཚབས་ཆེ་བ་ཡིན། མིག་རྒྱང་རིང་ཞིང་བདེན་དོན་བསམ་པ། རིན་ཐང་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་ཡང་དག་པ་ཞིག་ལྡན་པའི་མི་རིགས་ཤིག་ཡིན་ཚེ། རྒྱུན་ལྡན་མ་ཡིན་པའི་ལོག་སྤྱོད་ཀྱི་འགྲོ་ལུགས་འདི་ལ་ཤེས་རྟོགས་བྱེད་ཐུབ་ཅིང་། མི་རིགས་འབྲེལ་བར་གནོད་འཚེ་གཏོང་བའི་གནས་ཚུལ་ཚབས་ཆེན་དེའི་རིགས་ལ་ཐབས་བརྒྱ་ཇུས་སྟོང་གིས་འགོག་རྒོལ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། གཞན་ཡང་གཞུང་ལུགས་སྨྲ་བའི་ཁྲོད་དུའང་འདི་ལྟར་གླེང་མྱོང་སྟེ།ལོ་རྒྱུས་སྟེང་རིག་གནས་དར་ཚད་ཅུང་རྗེས་ལུས་ཡིན་ཞིང་དྲག་པོའི་གཡུལ་ལ་དགའ་བའི་མི་རིགས་ཁ་ཤས་ཀྱིས་གཞན་རིགས་དབང་འོག་ཏུ་བསྡུས་རྗེས།མཇུག་མཐར་རང་ཉིད་ཀྱི་དབང་འོག་གི་རིག་གནས་དར་ཚད་མཐོ་བའི་མི་རིགས་དེར་འགྱུར་བའམ་མཉམ་འདྲེས་བྱུང་། འདི་ལྟའི་ལོ་རྒྱུས་ཀྱི་མཇུག་འབྲས་ནི་བཙན་དབང་འོག་གི་མི་རིགས་དེས་བྱས་པ་མིན་ཏེ་དབང་བསྒྱུར་བྱེད་མཁན་རང་ལ་རག་ལས་སོ། །

མི་རིགས་མཉམ་འདྲེས་དང་མི་རིགས་གཞན་བསྒྱུར་གླེང་སྐབས།ངེས་པར་དུ་ཤེས་དགོས་པ་ནི་མི་རིགས་ཞེས་པའི་ཐ་སྙད་འདི་དང་ཐ་སྙད་གཞན་གང་ཡིན་ཡང་། ཐབས་ཅད་བལྟོས་བཅས་རང་བཞིན་དང་ལྡན་པ་ཞིག་ཡིན།ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད། མི་རིགས་དང་མི་རིགས་བར་ལྷག་པར་དུ་ཉེ་གནས་ཀྱི་མི་རིགས་བར་གཉེན་འབྲེལ་ལ་སོགས་རྒྱུན་ལྡན་གྱི་འབྲེལ་འདྲེས་དང་རྒྱུན་ལྡན་མ་ཡིན་པའི་འཐབ་རྩོད་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས།ཕན་ཚུན་འགྲོ་འོང་དང་ཚད་མི་འདྲ་བའི་འབྲེལ་འདྲེས་རྟག་ཏུ་ཡོད། དེའི་ཕྱིར། མི་རིགས་དབྱེ་བའི་སྐབས་སུ་རགས་ཞིབ་ལས་ཞིབ་དབྱེ་མི་རུང་ཞིང་།དེང་གཙོ་བ་ལས་གནའ་དུས་ཚད་གཞིར་འཛིན་མི་རུང་། མར་ཁེ་སི་རིང་ལུགས་པས་ཀྱང་གཞུང་ལུགས་སྟེང་འཛམ་གླིང་ཁྱབ་ཁོངས་སུ་གྲལ་རིམ་བཤུ་གཞོག་དང་མི་རིགས་སམ་རིགས་རྒྱུད་གཉའ་གནོན་མེད་པར་བཟོས་ནས་གུང་ཁྲན་རིང་ལུགས་ཀྱི་འཇིག་རྟེན་དུ་སླེབས་པའི་དུས་ན། རིམ་བཞིན་མི་རིགས་བར་གྱི་ཁྱད་དང་འགལ་བ་ཞི་བར་འགྲོ་ཞིང་།མི་རིགས་མཉམ་འདྲེས་ཡོང་བའི་སྐོར་ལ་དཔྱད་པ་བཏང་མྱོང་། ཡིན་ན་ཡང་། མཉམ་འདྲེས་འདི་ནི་མི་རིགས་མང་བོ་ཞིག་མི་རིགས་གཅིག་གི་ཁྲོད་དུ་འདྲེས་པ་མིན་ཏེ། མི་རིགས་ཡོད་དོ་ཅོག་གི་བར་དུ་ཐུན་མོང་རང་བཞིན་ཞིག་ཆགས་པའི་མཚུངས་སུ། རང་སོ་སོའི་ཁྱད་པར་ཀྱི་ཆོས་གང་ཞིག་ད་དུང་སོར་གནས་བྱས་ཡོད་པ་ཞིག་ཡིན། དཔེར་ན། རྒྱའི་སྐད་ཡིག་ལ་མཚོན་ན། རྒྱ་ནག་རྒྱལ་ཁབ་ཏུ་མི་རིགས་མཉམ་འདྲེས་ཞེས་པ་མི་རིགས་གྲངས་ཉུང་ལྔ་བཅུ་ང་ལྔའི་སྐད་ཡིག་རིམ་བཞིན་རྒྱ་མི་རིགས་ཁྲོད་དུ་མཉམ་འདྲེས་བྱེད་ཆོག་པ་ཞིག་བཏན་ནས་མིན། གཅིག་བྱས་ན་དེང་སྐབས་རྒྱའི་སྐད་ཡིག་དེ་རྒྱ་མི་རིགས་དང་མི་རིགས་གྲངས་ཉུང་གི་བར་དུ་བསམ་བློ་བརྗེ་རེས་བྱེད་པའི་ཡོ་བྱད་ཅིག་ཏུ་སྣང་མོད། འོན་ཏེ་རྒྱུ་མཚན་འདི་ལྟ་བུ་ཞིག་ལ་བརྟེན་ནས་མི་རིགས་གྲངས་ཉུང་གཞན་དག་གི་སྐད་ཡིག་དང་ཡུལ་སྲོལ་ལ་སོགས་མེད་པར་བྱེད་མི་རུང་།རྒྱའི་སྐད་ཡིག་ལ་མཚོན་ནའང་སྤྱི་སྐད་གཏན་འབེབས་བྱས་པ་དེས་མིག་སྔའི་བར་དུ་ཡུལ་སྐད་དག་མེད་པར་གཏོང་མ་ཐུབ་པས་ན། ལོ་བརྒྱ་སྟོང་མང་བོའི་རིང་ལ་ཆགས་པའི་མི་རིགས་མི་འདྲ་བའི་བར་གྱི་སྐད་ཡིག་ལ་ཅི་ཁག གནས་ལུགས་འདི་ནི་མིག་སྔར་དབྱིན་ཇུའི་སྐད་དེ་འཛམ་གླིང་གི་སྤྱི་སྐད་དུ་ཆགས་བཞིན་ཡོད་མོད། དེ་རྒྱུ་མཚན་བྱས་ནས་རྒྱལ་ཁབ་དང་མི་རིགས་གཞན་དག་གི་སྐད་ཡིག་མེད་པར་གཏོང་མི་རུང་བ་ཇི་བཞིན་ནོ། ། མདོར་ན། མི་རིགས་མཉམ་འདྲེས་ཀྱི་གནད་དོན་ནི་མིག་སྔར་ད་དུང་རྒྱལ་ཁབ་སོ་སོ་རུ་གླེང་གཞི་ཞིག་ཏུ་བརྩི་མི་འོས་ཤིང་བརྩི་ཡང་མི་བརྩི་ལ། གལ་ཏེ་བརྩི་བའི་དབང་དུ་བཏང་ན་མཇུག་འབྲས་ཚབས་ཆེན་ཞིག་ཡོང་བ་སྨོས་མི་དགོས།ཐ་ན་འཛམ་གླིང་སྤྱིའི་ཁྱབ་ཁོངས་སུའང་གཞུང་ལུགས་སྨྲ་བའི་ཁྲོད་དུ་མཚན་ཉིད་རིག་པའི་སྤྱི་མཚན་དང་རང་མཚན་གྱི་ངོས་ནས་མི་རིགས་མཉམ་འདྲེས་ཀྱི་གནད་དོན་དཔྱད་གླེང་བྱེད་པ་ཁོ་ན་ཙམ་མོ། ། མཆན། ཕུན་དབང་ལགས་ཀྱི་རྩོམ་ཡིག་འདི་ནི་ཕྱིར་དྲན་དང་གསར་རྟོགས་ཞེས་པའི་དེབ་ལས་རྡོ་ལྷས་བསྒྱུར།