User:Jiangseng

ཡོང་ཁུངས་Wikipedia

༈ དཀར་ལྡེམ་བདེ་མཆོག་ཐེག་ཆེན་ཆོས་གླིང་གི་ལོ་རྒྱུས་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་གུ་རུ་བཛྲ་དྷཱ་ར་ཡེ།

ཟག་མེད་སྐུ་ལ་མཚན་དཔེ་རི་དྭགས་ཆ་ཤས་རྫོགས། ། འགགས་མེད་གསུང་གིས་ཐེག་གསུམ་ཆོས་ཀྱི་གྲུ་ཆར་འཇོ། ། འཁྲུལ་མེད་ཐུགས་མཆོག་མཁྱེན་དང་བརྩེ་བའི་བསིལ་ཟེར་ཅན། ། ཟླ་འོད་གཞོན་ནུའི་བརྒྱུད་འཛིན་འབའ་རོམ་གསེར་ཕྲེང་རྒྱལ། །

མཁྱེན་དང་བརྩེ་བའི་ཆུ་འཛིན་འཁྲིགས་པའི་ཀློང་།། ཟབ་རྒྱས་གདམས་པའི་འབྲུག་སྒྲ་སྒྲོགས་དང་ལྷན། ། ཕྲིན་ལས་ཆར་གྱིས་གདུལ་ཞིང་སྨིན་མཛད་པ། ། དུང་མཚོ་རས་ཆེན་སྲས་དང་བཅས་ལ་འདུད། །

དཀར་ལྡེམ་བདེ་མཆོག་ཐེག་ཆེན་ཆོས་གླིང་གི ། གདན་རབས་ལོ་རྒྱུས་མ་དྲོས་ཆུ་གཏེར་ལས། ། ཚིག་ཉུང་དོན་འདུས་སྐྲ་རྩེའི་ཟེགས་མ་ཙམ། ། དང་བའི་ཡིད་ཀྱིས་དད་པའི་གསོས་སུ་འཐོར། །

དེའང་བསྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པའི་དབང་པོའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་ལས། མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ཅེས་སྙན་པའི་བ་དན་སྲིད་ཞིའི་བླ་རུ་གཡོ་བ་དེ་ལ་ཆེ་བཞི་ཆུང་བརྒྱད་ཟུར་གཉིས་སུ་དབྱེ་བའི། བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་རྒྱལ་བ་འབའ་རོམ་པའི་རྣམ་དཀར་ཕྲིན་ལས་ཀྱི་བརྒྱུད་འཛིན་དཀར་ལྡེམ་བདེ་མཆོག་ཐེག་ཆེན་ཆོས་གླིང་གི་ལོ་རྒྱུས་སྙིང་བསྡུས་འགོད་པ་ལ། དང་པོ། དགོན་གཞི་གང་ལ་ཆགས་པའི་གནས་ཀྱི་ཆེ་བ་བརྗོད་པ། གཉིས་པ། ཕྱག་བཏབ་པ་པོའི་མཛད་བསྡུས་དང་སྔ་དར་གྱི་སྐོར། གསུམ་པ། ཕྱི་དར་གྱི་སྐབས་སུ་བསྟན་པའི་མེ་རོ་གསོ་ཚུལ། བཞི་པ། ཡང་དར་གྱི་སྐབས་སུ་བསྟན་པའི་སྒྲོན་མེ་སྦར་ཚུལ། ༈ དང་པོ་དགོན་གཞི་གང་ལ་ཆགས་པའི་གནས་ཀྱི་ཆེ་བ་བརྗོད་པ། གྲུབ་པའི་དབང་ཕྱུག་ཨོ་རྒྱན་གཞན་ཕན་མཐའ་ཡས་ཀྱི་ཞལ་ནས། ཕྱི་ལྟར་དགྲ་བཅོམ་འཕགས་པ་ལྔ་བརྒྱའི་གནས། །ནང་ལྟར་བདེ་མཆོག་དྲུག་ཅུའི་ཕོ་བྲང་མཆོག། །གསང་བ་རྗེ་བཙུན་སྒྲོལ་མའི་སྐུ་དབྱིབས་ཅན། །གཡས་བརྐྱང་གཡོན་བསྐུམ་འགྱིང་བའི་ཚུལ་དུ་བཞུགས། །ལྟེ་བར་སྒྲུབ་པའི་དཀྱིལ་འཁོར་གནས་ཆེན་ཆགས། །གསང་བའི་གནས་སུ་བྱང་སེམས་སྒྲུབ་ཆུ་འབབ། །ཅེས་སོགས་གསུངས་པ་ལྟར་གནས་མཆོག་དགྲ་ལྷའི་རྒྱལ་པོ་ངང་སེར་གྱི་ངོགས་སུ་རྗེ་འགྲོ་བའི་མགོན་པོ་གཏེར་ཆེན་དུང་མཚོ་རས་པ་གཙོས་སྔོན་བྱོན་མཁས་གྲུབ་དགེ་བའི་བཤེས་གཉེན་དུ་མ་བཞུགས་པའི་སྒྲུབ་ཕུག་ཡ་མཚན་ཅན་མང་པོ་དང་། དུར་ཁྲོད་བརྒྱ་རྩ་བརྒྱད་སོགས་ཀྱིས་བརྒྱན་པ། མཆོག་གཟིགས་སྐྱེས་ཆེན་དུ་མས་ཡི་དམ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་བསྔགས་བརྗོད་མཛད་པའི་གནས་ཆེན་འདིའི་ཕྱི་ཡི་དབྱིབས་ནི་རྗེ་བཙུན་སྒྲོལ་མ་གཡས་བརྐྱང་གཡོན་བསྐུམ་འགྱིང་བའི་ཚུལ། དེ་ཡི་ལྟེ་བའི་དཀྱིལ་འཁོར་དུ་བཤད་སྒྲུབ་གཉིས་ལྡན་གྱི་ཆོས་སྡེ་ཆེན་པོ་ཆགས་ཤིང་། བྱང་སེམས་ཀྱི་སྒྲུབ་ཆུ་རྒྱུན་བབས་སུ་ཡོད་པ་བཅས་ངོ་མཚར་གནས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་བོ། ། དེ་དང་འབྲེལ་བའི་ཕག་གདོང་མ་ནག་མོ་ཐུགས་ཀྱི་གནས་མཆོག་ལྷོ་ཕྱོགས་ཙྰ་རི་ཏྲའི་གནས་ལག་རྐྱང་རག་བྲག་དཀར་ནི་གཏེར་སྟོན་འཁྲུལ་ཞིག་པདྨ་བདུད་འདུལ་མཆོག་གིས་རྟེན་འབྲེལ་གྱི་སྒོ་དུ་མ་ལ་དམིགས་ནས་ལྕགས་སྤྲེལ་ལོར་གནས་སྒོ་ཕྱེས་པས་སྨྱུག་མ་གསར་སྐྱེ་དང་སྔོན་དུས་མེད་པའི་རི་དྭགས་འཕར་བ། གནས་བདག་ཨ་ཙ་ར་བཞི་བཅས་ལུང་པའི་ཕུ་མདར་མངོན་སུམ་དུ་འགྲོ་བཞིན་པ་སོགས་ཡ་མཚར་བའི་ལྟས་དུ་མ་བྱུང་ཞིང་། བསྐོར་ཚད་བཅུ་གསུམ་བསགས་ན་ཙྰ་རི་བསྐོར་བ་དང་ཁྱད་མེད་པར་ཞལ་གྱིས་བཞེས། གཞན་ཡང་མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པས་དབུས་ཕྱོགས་སུ་བྲག་དཀར་ཐོག་པའི་གནས་ཆེན་བཞིའི་ཡ་གྱལ་ཞིག་ཡིན། གནས་འདིའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་དང་རང་བྱོན་སོགས་ཞིབ་ཕྲ་གནས་དགོན་གྱི་བྱུང་བ་རྒྱས་པ་ལས་གསལ། ༈ གཉིས་པ་ཕྱག་བཏབ་པ་པོའི་མཛད་བསྡུས་དང་སྔ་དར་གྱི་སྐོར།

 ཆོས་རྒྱལ་དྭགས་པོ་ལྷ་རྗེའི་ཐུགས་སྲས་སྐྱེ་སྒོམ་ཡེ་ཤེས་རྡོ་རྗེའི་རྣམ་འཕྲུལ་གུ་རུ་པདྨའི་ལུང་ཟིན་འགྲོ་བའི་མགོན་པོ་གཏེར་ཆེན་དུང་མཚོ་རས་པ་ནི། དུས་རབས་བཅུ་གཉིས་པའི་དུས་འགོ་སྟེ་རབ་བྱུང་གཉིས་པའི་ནང་ངོ་མཚར་བའི་ལྟས་དང་བཅས་མཚན་དཔེའི་ལང་ཚོ་བཞད། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སྙིགས་དུས་ཀྱི་འགྲོ་བ་རྣམས་ལ་ཚད་མེད་པའི་ཐུགས་རྗེས་དགོངས་ཏེ་སྒམ་པོ་གདར་གྱི་རི་བོའི་རྒྱབ།  མཚོ་མཎྜལ་ནག་པོར་གཏེར་དུ་སྦས་པའི་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་མ་ཞེས་པ་དེ་སྤྱན་དྲངས་ནས་སྐལ་ལྡན་གྱི་གདུལ་བྱ་གྲངས་ལས་འདས་པ་སྨིན་གྲོལ་གྱི་ལམ་ལ་བཀོད། རྟོགས་པ་ཀློང་ནས་བརྡོལ་ཏེ་མངོན་ཤེས་དང་གྲུབ་རྟགས་རྩོལ་མེད་དུ་མངའ་བས་སྒྲུབ་གནས་རྣམས་སུ་ཕྱག་ཞབས་ཀྱི་རྗེས་ཀྱང་གྲངས་ལས་འདས། ལྷག་པར་དུ་བྲག་དམར་ཀེའུ་ཚང་གི་ངོས་སུ་རྗེ་ཉིད་ཀྱི་ཞབས་རྗེས་དང་། ལྷོ་བྲག་མཁར་ཆུར་ཆིབས་གླང་གི་རྭ་ལ་ལས་མགོན་བྱ་རོག་གདོང་གི་རང་བྱོན་ཅན་དེང་དུས་སུའང་མཇལ་རྒྱུ་ཡོད། དུས་རབས་བཅུ་གཉིས་པའི་དུས་སྨད་རབ་བྱུང་གསུམ་པའི་ནང་ལྕགས་བྱི་སྤྱི་ལོ་༡༡༨༠  ལོར་གནས་མཆོག་དགྲ་ལྷའི་རྒྱལ་པོ་ངང་སེར་གྱི་ཉེ་ཞོལ། ཆུ་རོང་སྒང་དུ་དཀར་ལྡེམ་བདེ་མཆོག་ཐེག་ཆེན་ཆོས་གླིང་རྟེན་དང་བརྟེན་པར་བཅས་པ་ཕྱག་བཏབ་པ་སྟེ། རྟེན་གཞི་གཙུག་ལག་ཁང་རྒྱ་ཁྱོན་ཀ་བ་བརྒྱ་ཕྲག་ཡས་མན་དང་།  སྒྲུབ་ཁང་། མཚམས་ཁང་། གྲྭ་ཤག་བཅས་ཆ་ཚང་། བསྟན་རྩ་དགེ་འདུན་གྱི་སྡེ་བརྒྱ་ཕྲག་གསུམ་ལྷག་གིས་སྤོང་ཀློག་ལ་བརྩོན་པའི་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་པོ་ཞིག་ཏུ་གྲུབ། རྫོགས་ཆེན་ཡང་ཏིའི་ཟབ་ཆོས་ལ་ཐུགས་དམ་གྱི་མཐིལ་དུ་མཛད་དེ་ཕྱག་རྫོགས་གཉིས་འབྲེལ་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་རྩེ་གཅིག་ཏུ་གཞོལ་བའི་ཕྲིན་ལས་ཉལ་འགྲོའི་རྒྱུན་ལ་འགྲན་པས་དབང་ཁྲིད་མན་ངག་ཕྱག་ལེན་བཅས་དེང་གི་བར་ཟམ་མ་ཆད་པར་བཞུགས། 

༈ གསུམ་པ་ཕྱི་དར་གྱི་བསྟན་པའི་མེ་རོ་གསོ་ཚུལ། དུས་རབས་བཅུ་བདུན་པའི་དུས་སྨད་དེ་རབ་བྱུང་བཅུ་གཉིས་པའི་ནང་། སོག་པོ་ལྷ་བཟང་གིས་བཀའ་རྙིང་གི་བསྟན་པ་ལ་འཚེ་བའི་སྐབས་གདན་ས་འདི་ཉིད་ཀྱང་ཤུལ་ཙམ་ལས་མ་ལྷག དེ་རྗེས་རབ་བྱུང་བཅུ་བཞི་པའི་ལྕགས་ལུག་ལོར་རྭ་སྒྲེང་སྐུ་ཕྲེང་གསུམ་པའི་ཡོངས་འཛིན་མཆོད་དཔོན་བསྟན་འཛིན་ཡར་འཕེལ་གྱིས་བླ་བྲང་སྡིང་དུ་གནས་སྤོ་མཛད་ནས་རྟེན་གཞི་གཙུག་ལག་ཁང་དང་བསྟན་རྩ་དགེ་འདུན་གྱི་སྡེ་ཆ་ཚང་བསྐྱར་བསྐྲུན་གནང་། དེ་རྗེས་ཁམས་ནང་ཆེན་ཚོགས་གཉིས་རིན་པོ་ཆེའི་སློབ་ཆེན་གྲུབ་པའི་དབང་ཕྱུག་ཨོ་རྒྱན་གཞན་ཕན་མཐའ་ཡས་བླ་སློབ་དང་བཅས་གནས་འདིར་ཕེབས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་བསྐྱེད་བཏང་། ལྷག་པར་སྡེ་དགོན་ཡོངས་ལ་ཕྱག་རྫོགས་ཀྱི་སྔོན་དངོས་མན་ངག་སྐོར་ཆ་ཚང་བསྩལ་བས་སྐལ་ལྡན་གྱི་སློབ་ཚོགས་ནང་ནས་སྒྲུབ་ཕུག་ལ་ཟང་ཐལ་དུ་གཤེགས་པ་དང་འདས་རྗེས་ཀྱི་རྣམ་ཐར་ངོ་མཚར་བ་སོགས་གྲུབ་རྟགས་མངོན་དུ་གྱུར་པ་མང་ཞིང་དེ་ནས་བཟུང་ཆོས་དད་མང་ཚོགས་ཀྱི་ཁྲོད་དུ་སྔོན་འགྲོ་དངོས་གཞི་ཉམས་ལེན་གྱི་སྲོལ་རྒྱ་ཆེ་རྒྱུན་རིང་དུ་དར། ཁྱད་པར་ཐུགས་སྲས་མཁས་གྲུབ་གཉིས་ལྡན་ཨོ་རྒྱན་ཆོས་དབྱིངས་རང་གྲོལ། བྱ་བཏང་ཁྱུང་གཤོག་རས་པ། སྭ་བ་ཆོས་དབྱིངས་བཅས་ཀྱིས་དགོན་པའི་གཙོ་སྐྱོང་གནང་། དེ་རྗེས་དུས་རབས་ཉི་ཤུ་པའི་དུས་སྨད་དེ་རབ་བྱུང་བཅུ་དྲུག་པའི་ནང་། རིག་འཛིན་འཇིགས་མེད་གླིང་པའི་རྣམ་འཕྲུལ་འཁྲུལ་ཞིག་པདྨ་བདུད་འདུལ་གདན་ས་འདིར་ཕེབས་ནས་སྒྲུབ་པ་མཛད་ཅིང་དགོན་གཞིས་བསྐྱངས། འཐུང་ཆུ་དང་ཕྱག་རྟགས་རྡོ་རྗེ་གཏེར་དུ་སྟོན་པ་སོགས་གྲུབ་པའི་སྤྱོད་པས་འབྲེལ་ཚད་དགེ་ལ་སྦྱོར་བ་སྟེ་རྣམ་དཀར་གྱི་ཕྲིན་ལས་རྒྱ་ཆེར་སྤེལ། དུས་རབས་ཉི་ཤུ་པ་སྟེ་རབ་བྱུང་བཅུ་དྲུག་པའི་སྤྱི་ལོ་༡༩༥༨ ལོ་ནས་བཟུང་རིག་གསར་གྱི་དུས་ཟིང་དབང་གིས་བོད་ཀྱི་དགོན་སྡེ་ཚང་མ་ཉམ་ཉེས་སོང་ཚུལ་གཅིག་མཚུངས་ལྟར་རོ།། ༈ བཞི་པ་ཡང་དར་བསྟན་པའི་སྒྲོན་མེ་སྦར་ཚུལ། དུས་རབས་ཉི་ཤུ་པ་སྟེ་རབ་བྱུང་བཅུ་དྲུག་པའི་སྤྱི་ལོ་༡༩༨༡ ལོར་རྒྱལ་བསྟན་ཡང་དར་གྱི་འགོ་ཚུགས་སྐབས་དང་བསྟུན། གྲུབ་པའི་དབང་ཕྱུག་ཨོ་རྒྱན་གཞན་ཕན་མཐའ་ཡས་ཀྱི་ཐུགས་སྲས་བུ་ཆེན་ཉེར་ལྔའི་ནང་ཚན་གྲགས་པ་གསུམ་གྱི་ཡ་གྱལ་རྭ་སྒྲེང་གི་དགེ་བཤེས་བླ་མ་ཟླ་བ་གྲགས་པས་གཙོ་མཛད་གདན་ས་འདིར་ཆོས་དང་དམ་ཚིག་གིས་འབྲེལ་ཞིང་ལས་སྨོན་གཅིག་ཏུ་མཐུན་པའི་གོས་དཀར་ལྕང་ལོ་ཅན་གྱི་སྡེས་ལྷག་བསམ་དག་པས་སྲི་ཞུ་ལྷུར་བགྱིས་ཏེ་གཙུག་ལག་ཁང་ཕྱི་ནང་རྟེན་དང་བརྟེན་པ། མཆོད་རྟེན། གྲྭ་ཤག ཇ་ཁང་བཅས་སླར་གསོ་མཛད་། དེ་ནས་རྗེ་ཉིད་ཀྱིས་དགོན་པའི་དབུ་བླ་མཛད་ནས་འབྲེལ་ཡོད་ཆོས་དད་མང་ཚོགས་རྣམས་ལ་དབང་ཆོས་དང་སྨར་ཁྲིད། ལྷག་པར་གསོ་དཔྱད་ཀྱི་སྒོ་ནས་ཉམ་ཐག་སྐྱོབ་པའི་འགྲོ་ཕན་བླ་མེད་མཛད་དོ། ། དེ་རྗེས་བླ་མ་ངག་དབང་སངས་རྒྱས་དང་སྨན་པ་ནམ་ཚེ་ཟུང་གིས་དབུ་བླ་མཛད་དེ། རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་གཉིས་རྒྱ་སྐྱེད་ཇེ་ཆེར་བཏང་། སྨན་སྒྲུབ། མ་ཎི། ཞི་ཁྲོ་བཅས་ཀྱི་སྒྲུབ་མཆོད་དང་ཚེས་བཅུ་ཉེར་ལྔ་ཆགས་མེད་མཛད། དེ་ནས་བླ་མ་ཟླ་བ་གྲགས་པའི་ཞལ་ཆེམས་བཞིན་ཁམས་སྡེ་དགེ་འཛི་སྒར་དགོན་གྱི་བླ་མ་ངག་དབང་རྒྱ་མཚོ་མཆོག་རབ་བྱུང་བཅུ་བདུན་པ་སྤྱི་ལོ་༡༩༩༦ལོར་དགོན་འདིར་ཞབས་སོར་འཁོད་དེ་དགོན་པའི་ཕྱི་ནང་བར་གསུམ་ལ་འགན་བཞེས་གནང་ནས། གཙུག་ལག་ཁང་ཀ་བ་བརྒྱད་ཅན་དང་། མ་ཎི་འཁོར་ཁང་། སྒྲུབ་ཁང་། གཞུང་དོན་ཁང་སོགས་སླར་གསོ་དང་བསྟན་རྩ་དགེ་འདུན་སྡེ་བཅས་དར་སྤེལ་མཛད། རྗེ་ཉིད་སྐུ་མྱ་ངན་ལས་འདའ་བ་ལ་ཕྱོགས་པ་དུས་རབས་ཉེར་གཅིག་པའི་རབ་བྱུང་བཅུ་བདུན་པ་སྟེ་སྤྱི་ལོ་༢༠༠༣ ལོར་དགོན་པའི་ཕྱི་ནང་ཁོར་ཡུག་གི་བསྒྲུབ་བྱ་ཚང་མའི་འགན་སྒྲུབ་དཔོན་བླ་མ་དགེ་ལེགས་ཆོས་འཕེལ་ལ་བཞེས་དགོས་པའི་བཅོལ་གཏད་གནང། དེ་ནས་ཐུགས་བསྐྱེད་སྔོན་སྨོན་བཟང་པོས་འབྲེལ་བའི་ ༧ སྐྱབས་མཆོག་འཁོར་ལོའི་མགོན་པོ་སྐྱོ་བྲག་གསལ་བྱེད་རྡོ་རྗེ་འཆང་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དང་། ༧སྐྱབས་རྗེ་མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་རྣམ་གཉིས་ཀྱིས་སྙན་བརྒྱུད་ཐབས་གྲོལ་གྱི་དབང་ཁྲིད་ལུང་གསུམ་རྒྱུན་ཆགས་སུ་བསྩལ་ཅིང་དངོས་བརྒྱུད་གཉིས་ཆ་ནས་ཞལ་བཀོད་དང་བདག་རྐྱེན་བླ་མེད་གནང་བར་བརྟེན། སྒྲུབ་དཔོན་བླ་མ་དགེ་ལེགས་ཆོས་འཕེལ་མཆོག་གིས་ཐུགས་འགན་ཆེར་བཞེས་འོག་ལས་གཉེར་མཆོད་ཡོན་ཐུན་མོང་ནས་ནུས་ཤུགས་མཉམ་འདོན་མཛད་པ་བརྒྱུད་ཕྱི་ནང་བར་གསུམ་གྱི་རྟེན་བཞེངས་ཉམས་གསོའི་སྐོར་ལ་དོན་གསུམ།

                      དང་པོ་ཕྱི་ནང་རྟེན་བཞེངས་ཀྱི་སྐོར། 

༧ཕྱི་བཞེངས་པའི་སྐོར་ལ་ཚོགས་ཆེན་འདུ་ཁང་ཀ་བ་ཉི་ཤུ་ཅན། མ་ཎི་འཁོར་ཁང་ཀ་བ་བཞི་ཅན། རྒྱ་རྡོ་དཀྲུག་མ་ལས་གྲུབ་པའི་མཆོད་རྟེན་ཆ་བརྒྱད། སྒྲུབ་སྡེ་དཔལ་ལྷུན་གྲུབ་འོད་གསལ་གླིང་གི་ཁོར་ཡུག་ཕྱི་ནང་ཆ་འཛོམས་ལ་ལྷ་ཁང་ནས་རུང་ཁང་བར་མཚན་བཟང་སུམ་ཅུ་རྩ་གཉིས་ཀྱི་གྲངས་ལྡན་སླར་གསོ་དང། གྲྭ་ཤག་སུམ་ཅུ། དཔེ་མཛོད་ཁང་ཀ་བ་བཞི་ཅན། མུན་མཚམས་ཁང་། དགེ་བསྙེན་སྡེའི་སྒྲུབ་ཁང་ལ་སྒོ་ཟུག་རྗེ་འབངས་ཉེར་ལྔའི་གྲངས་ཚད་ཅན། རི་ཁྲོད་ངེས་དོན་འཕེལ་རྒྱས་གླིང་གི་བཀོད་པ། ཉམ་ཐག་འགྲོ་ལ་ཕན་པའི་སྨན་ཁང་དང་། ཉེར་མཁོའི་ཚོང་ཁང་བཅས་སྒོ་ཟུག་ཉི་ཤུ་ཅན་གསར་བསྐྲུན་མཛད། ༧ནང་སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ་རྟེན་གཙོ་ཐུབ་པའི་དབང་པོ་དང་། འབའ་རོམ་དར་མ་དབང་ཕྱུག གུ་རུ་པདྨ་འབྱུང་གནས་གསུམ་གྱི་སྐུ་གསེར་ཟངས་ལས་གྲུབ་པ་ཐོག་གཉིས་རྩེག་ཅན། གངས་ལྗོངས་བཀའ་བབ་ཀྱི་ཆུ་བོ་ཆེན་པོ་བཞིའི་བླ་སྐུ་ཟངས་གསེར་ལས་གྲུབ་པ་མི་ཚད་ཙམ། འབའ་རོམ་བླ་བརྒྱུད་ཀྱི་གསེར་ཕྲེང་བལ་པོའི་ལི་ཁྲ་ལས་གྲུབ་པ་ཆ་ཚང་། ཡང་གསེར་ཟངས་ལས་གྲུབ་པའི་སྤྱན་རས་གཟིགས་སྟོང་སྐུ་དང་སྒྲོལ་མ་སྟོང་སྐུ། གསུང་རྟེན་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཆ་གྲངས། རྒྱལ་བ་འབའ་རོམ་བཀའ་བརྒྱུད་རིམ་བྱོན་གྱི་བཀའ་འབུམ་བཞུགས་སོ་ཅོག། མཛོད་ཆེན་རྣམ་ལྔ། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ན་རིམ་གྱི་གསུང་འབུམ་ཆ་ཚང་། ཐུགས་རྟེན་སྐུ་གཤེགས་བླ་མ་རྣམ་པའི་གདུང་རྟེན་གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་ཆེ་ཆུང་གཉིས། བལ་བཟོའི་ལི་ཁྲ་ལས་གྲུབ་པའི་བཀའ་གདམས་མཆོད་རྟེན་ཆ་བརྒྱད་བཅས་སོ།། གཉིས་པ་སློབ་གཉེར་གྱི་སྐོར་ལ་གྲྭ་གསུམ་དང་། སྡེ་གཅིག གསོ་རིག་སློབ་གླིང་བཅས་ལྔ་ལས། དང་པོ་ཡིག་གྲྭ། བུ་ཕྲུག་སློབ་ལོ་ལོན་ནས་ཕ་མ་དང་ཁྱིམ་བདག་གི་བློ་བབ་འོག་དགོན་པར་སྒྲིག་ཞུགས་བྱས་ནས་བཟུང་། དཔལ་འབྱོར་གྱི་མཐུན་རྐྱེན་རོགས་ནུས་གང་ཡོད་དང་། སློབ་སྟོན་དགེ་རྒན་རང་དགོན་གྲྭ་ཚང་གི་ཁྲོད་ནས་ཚུལ་ཁྲིམས་གཙང་ཞིང་བརྡ་སྤྲོད་ཀྱི་རིག་གནས་དང་ཆོ་གའི་ཕྱག་ལེན་ལ་མཁས་པ། ཤེས་འཇོན་ལྷག་བསམ་གསུམ་ལྡན་རྣམས་སྔ་ཕྱིར་རེས་བསྐོར་ཏེ་དབྱངས་གསལ་འབྲི་ཀློག་ནས་བཟུང་སུམ་རྟགས་དག་གསུམ་བར་དང་། ཞོར་དུ་བཅའ་རྡུང་འབུད་གསུམ་སོགས་ནན་ཏན་གྱིས་སྦྱོང་བརྩོན་མཛད་བཞིན་ཡོད་ལ། འཛམ་གླིང་གི་སློབ་གླིང་སྤྱི་འགྲོས་ལྟར་གཟའ་འཁོར་རེའི་ནང་ངལ་གསོ་ཉི་མ་གཅིག་དང་། ལོ་འཁོར་གཅིག་ནང་ངལ་གསོ་ཟླ་བ་གཉིས་མ་གཏོགས་རྣམ་གཡེང་འདུ་འཛིས་དུས་ཚོད་ཆུད་ཟོས་སུ་མ་སོང་བར་སྒྲིག་གཞི་ཚུལ་མཐུན་ངང་ལྟ་སྤྱོད་ཚད་ལྡན་ལ་གནས་པ་ཞིག་གོ།

གཉིས་པ་བཤད་གྲྭ།     གནས་སྐབས་དགོན་པའི་ནང་རྒྱུན་འཛུགས་དངོས་སུ་མེད་ཀྱང་། ༧ ནང་ཆེན་ཁང་ནེའི་ཆོས་གྲྭ་དཔལ་བཀའ་བརྒྱུད་བཤད་སྒྲུབ་ཆོས་འཁོར་གླིང་དང་། སྐྱོ་བྲག་བཤད་གྲྭ་ལེགས་བཤད་ཆོས་གླིང་སོགས་སུ་མདོ་སྔགས་རིག་གཞུང་དང་བཅས་པ་ལ་ཐོས་བསམ་ཚད་དུ་ཕྱིན་པའི་རང་དགོན་གྱི་སློབ་གཉེར་པ་མཁས་བཙུན་བཟང་ལྡན་མང་པོ་ཡོད་པས་མ་འོངས་པར་རང་ལུགས་འབུར་འདོན་གྱི་ཆོས་གྲྭ་ཚད་ལྡན་ཞིག་ཆགས་ངེས་ཀྱི་རྨང་གཞི་ཆ་ཚང་ཡོད། 

གསུམ་པ་སྒྲུབ་གྲྭ། བསྟན་བདག་སྒྲུབ་དཔོན་རིན་པོ་ཆེས་དབུ་དྲངས་པའི་བླ་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྙན་བརྒྱུད་ཐབས་གྲོལ་གྱི་སྔོན་དངོས་མན་ངག་དང་བཅས་པའི་ཉམས་ཁྲིད་བྱིན་རླབས་ཀྱི་དྲོད་ལྡན་བགོ་སྐལ་དུ་བསྩལ་རིམ་ལྟར། སྒྲུབ་པ་ཉམས་ལེན་མཛད་པོ་སྤྱི་དང་། ཁྱད་པར་ཕྱག་ཆེན་དང་ཆོས་དྲུག་གི་སྒྲུབ་སྡེར་ལོ་གསུམ་ཕྱོགས་གསུམ་ལ་བཞུགས་མཁན། སྒྲུབ་སྡེ་ལས་གྲོལ་རྗེས་སྨྲ་བཅད་ཐེམ་སྤངས་ཀྱིས་འདག་སྦྱར་བ། ལོ་སྒྲུབ་དང་ཟླ་སྒྲུབ་སོགས་སྔོན་འགྲོ་འབུམ་བཞི་འཇོག་མཁན་ཡན་དོན་གཉེར་ཅན་དུ་མས་འདི་ཕྱིའི་གཏན་འདུན་འགྲུབ་ཐབས་ལ་ནར་མར་གཞོལ་བཞིན་པའོ།། བཞི་པ་དགེ་བསྙེན་གྱི་སྡེ། ཕོ་མོ་དང་རྒན་གཞོན་ལ་མ་ལྟོས་པར་བློ་ཕུགས་མཆོག་གསུམ་ལ་གཏད་ནས་དགེ་བསྙེན་གྱི་བསླབ་པ་གཞི་ལྔས་རྒྱུད་ཟིན་པ་གཞིར་བྱས། སྔགས་གྲྭར་སྒྲིག་ཞུགས་མཛད་མཁན་རྣམས་ལ་མཚམས་ཁང་དང་མཐུན་རྐྱེན་གང་འགྲུབ་ཐོག་རིམ་གཉིས་ལམ་གྱི་མན་ངག་ཞུ་སྒོམ་བགྱིད་པ་སོགས་སྒྲིག་འཛུགས་ནན་ཏན་ལ་འབད་ཀྱིན་ཡོད། ལྔ་པ་གསོ་རིག་སློབ་གླིང་། ཕྱོགས་དང་རིས་སུ་མ་ཆད་པའི་ནད་པར་ཕན་ཆེད་དཀའ་ངལ་ཁྱད་བསད་ཀྱིས་རྒྱ་བོད་ཟུང་འབྲེལ་གྱི་སྨན་དཔྱད་ལག་ལེན་ཚད་ལྡན་ཐོག་སྟར་བསྲེགས་དཔྱད་གསུམ་སོགས་ལ་དུས་བཞི་དང་ཉིན་མཚན་ཀུན་ཏུ་འབད་པ་འདིའོ།། ༈ གསུམ་པ་རྒྱུན་འཛུགས་དུས་མཆོད་ཀྱི་སྐོར། ཧོར་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ནང་ཐུགས་རྗེ་ཆེན་པོའི་མ་ཎིའི་སྒྲུབ་མཆོད་ཉིན་བདུན། ཡབ་རྗེ་མར་མི་གཉིས་ཀྱི་སྐུ་མཆོད། རྒྱལ་བའི་བཀའ་འགྱུར་དག་སྒྲོག། ས་ག་ཟླ་བའི་ནང་རྒྱལ་བ་འབའ་རོམ་པའི་སྐུ་མཆོད་དང་གནམ་ཆོས་འོད་ཆོག་ཉིན་ལྔ། ཆུ་སྟོད་ཟླ་བའི་ནང་རྫོགས་ཆེན་ཡང་ཏིའི་སྒྲུབ་མཆོད་ཉིན་བདུན་དང་མཉམ་མེད་དྭགས་པོ་རིན་པོ་ཆེའི་སྐུ་མཆོད། བརྒྱད་པའི་ནང་གཅོད་ཚོགས་ཉིན་གཅིག་དང་བདུད་རྩི་སྨན་གྱི་སྒྲུབ་མཆོད་ཉིན་བདུན། དགུ་པའི་ནང་བདེ་ཆེན་ཞིང་སྒྲུབ་ཆེན་མོ་དང་སྙུང་གནས། གཞན་ཡང་ཟླ་བ་བྱུང་ངོ་ཅོག་གི་ཉ་སྟོང་གཉིས་ལ་གཞི་གསུམ་ལས་གསོ་སྦྱོང་གི་ཕྱག་ལེན་རྒྱུན་བསྟར་བྱ་བ་བཅས་སོ། །ལྷག་པར་དུ་ཟབ་ཆོས་ཡང་ཏི་ནག་པོའི་སྒོ་ནས་མུན་ཁྲིད་ཀྱི་ཉམས་བཞེས་དང་ལོ་རེ་བཞིན་སྒྲུབ་མཆོད་ཉིན་བདུན་རེ་རྒྱུན་འཛུགས་བྱེད་པ་བཅས་བསྐྱར་གསོ་གོང་སྤེལ་གྱི་སྒོ་ནས་འཛམ་གླིང་གོ་ལའི་ཁྱོན་འདིར་ཁྱབ་སྤེལ་བཏང་དང་གཏོང་བཞིན་མཆིས། །

       སླར་སྨྲས་པ།
     

སྔོན་བྱུང་ཡིག་ཆུང་རྒན་པའི་ངག་གི་སྒྲོས།། གཅིག་བསྡུས་སྒྲོ་སྐུར་གཏམ་གྱིས་མ་སྦགས་པ།། གནའ་དེང་བརྒྱུད་རིམ་ཨུདྤལ་ཕྲེང་བ་འདི། ། ཕྱི་རབས་ཤུལ་འཛིན་རྣམས་ཀྱི་དོན་དུ་སྤེལ། །

འདི་བྱས་ནོངས་འཆགས་དགེ་རྩ་གང་མཆིས་དེས།། རྒྱལ་བསྟན་དར་ཞིང་དེ་འཛིན་ཞབས་པད་བརྟན།། མཐའ་ཡས་མཁའ་མཉམ་ཡིད་ཅན་མ་ལུས་པ། ། སྲིད་མཚོ་ལས་གྲོལ་རྫོགས་བྱང་མྱུར་ཐོབ་ཤོག །

ཅེས་པའང་དགེ་རྩེ་དཀོན་མཆོག་བསྟན་འཛིན་གྱིས་རབ་བྱུང་བཅུ་བདུན་པའི་ཤིང་རྟ་ལོའི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་གསུམ་པར་ནང་ཆེན་སྐྱོ་བྲག་ཁང་ནེའི་ཆོས་གྲྭ་ ༧ དཔལ་བཀའ་བརྒྱུད་བཤད་སྒྲུབ་ཆོས་འཁོར་གླིང་ནས་སྦྱར་བ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག།། །།

"https://bo.wikipedia.org/w/index.php?title=User:Jiangseng&oldid=128173"ལས་སླར་རྙེད་སོང།